རྒྱ་ནག་ཏུ་སྨད་ཚོང་མ་ས་ཡ་བཞི་ཙམ་ཡོད།
2010.07.27
༄༅༎རྒྱ་ནག་ནང་སྨད་ཚོང་མའི་འཚོ་ཐབས་བྱེད་མཁན་སྲང་ལམ་ཐོག་གོམ་བགྲོས་བྱེད་དུ་བཅུག་ཏེ་མི་དམངས་དཀྱིལ་དུ་ངོ་ཚ་བཟོ་བའི་བྱ་ཐབས་དེ་མཚམས་འཇོག་བྱ་རྒྱུ་ཡིན་པའི་སྐོར་དེ་རིང་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་ཡོད་པ་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་བཞག
དེ་ཡང་རྒྱ་ནག་གི་དབུས་ཧེ་ནན་ཞིང་ཆེན་གྱི་བདེ་འཇགས་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་ས་གནས་ཀྱི་ཁྲིམས་ལུགས་ལག་བསྟར་བྱེད་མཁན་ཚོས་སྤྱི་ཚོགས་ཐོག་སྨད་ཚོང་མར་ངོ་ཚ་བཟོ་ཐབས་ཀྱི་བྱ་སྤྱོད་རིགས་བཀག་བསྡོམས་བྱ་རྒྱུ་ནི་ཐག་གཅོད་བྱས་ཟིན་པའི་ར་སྤྲོད་བྱས་ཡོད་ཅིང༌། དེའང་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏོང་ཞིང་ཆེན་གྱི་ཏོང་ཀུའན་གྱི་སྲང་ལམ་ཐོག་སྨད་ཚོང་མའི་འཚོ་ཐབས་བྱེད་མཁན་བུད་མེད་ཞིག་གི་རྐང་པར་ལྷམ་མེད་པ་དང༌། ལག་ལྕགས་རྒྱབ་ཏེ་ཐག་པས་འཐེན་ནས་ཁྲིད་འགྲོ་བའི་འདྲ་པར་ཞིག་དྲ་རྒྱའི་ཐོག་ཐོན་པའི་རྗེས། དྲ་རྒྱ་བལྟ་ཀློག་བྱེད་མཁན་ཚོས་ཟླ་བ་འདིའི་ནང་སྨད་ཚོང་མའི་ཐོག་གདུག་རྩུབ་ཆེ་བའི་བྱ་སྤྱོད་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་པའི་གོམ་བགྲོས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང༌། ཁོང་ཚོས་སྨད་ཚོང་མ་དེ་དག་གི་རང་དབང་དང་ཐོབ་ཐང་ལ་རྒྱབ་སྐྱོར་བྱས་ཏེ། ཁོང་ཚོ་གལ་ཏེ་གྲོང་གསེབ་ས་ཁུལ་དུ་ལུས་པའི་སྤུན་མཆེད་ཆུང་བ་ཚོ་སློབ་གྲར་ཐར་སོན་པར་རོགས་རམ་བྱེད་དགོས་ཀྱི་མེད་པ་ཡིན་ན་སྨད་ཚོང་མའི་འཚོ་ཐབས་བྱེད་དགོས་དོན་མེད་པའི་སྐོར་ཤོད་མཁན་དང༌། ཡང་ཁག་ཅིག་གིས། ཁོང་ཚོས་༢༠༠༨ལོར་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་དུ་དཔལ་འབྱོར་གྱི་ཞལ་འདེབས་ཕུལ་ཡོད་ལུགས་དང༌། ཁོང་ཚོ་ཡང་འགྲོ་བ་མི་ཞིག་ཡིན་པས་ཁོང་ཚོའི་ཐོག་ལ་གདུག་རྩུབ་ཆེ་བའི་བྱ་ཐབས་་ལག་བསྟར་བྱས་ན་འགྲོ་བ་མིའི་བརྩི་བཀུར་དང༌། འགྲོ་བ་མིའི་ཐོབ་ཐང་ཟེར་བ་གང་དུ་ངོས་འཛིན་བྱེད་དགོས་རེད་དམ་ཞེས་དྲ་རྒྱའི་ཐོག་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། དེ་སྔ་ལོ་བཞིའི་སྔོན་ལ་རྒྱ་ནག་གི་ཀོང་ཏོང་ཞིང་ཆེན་ཧྲེན་ཀྲེན་ནང་མི་ཚོགས་ཆེ་བའི་མདུན་དུ་སྨད་ཚོང་མ་བརྒྱ་ཙམ་བཙན་དབང་གིས་ངོ་ཚ་ཕུད་ཐབས་ཀྱིས་གོམ་བགྲོས་བྱེད་དུ་བཅུག་པ་མ་ཟད། བརྙན་འཕྲིན་རྒྱལ་ཡོངས་སུ་བཏོན་སྟེ་རྒྱ་ནག་གཞུང་གིས་སྨད་ཚོང་མ་ཉུང་དུ་གཏོང་ཐབས་ཀྱི་བྱ་ཐབས་ལག་བསྟར་བྱས་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་རྒྱལ་ཡོངས་སུ་སྨད་ཚོང་མའི་འཚོ་ཐབས་བྱེད་མཁན་ཇི་ཙམ་ཡོད་མེད་ཀྱི་གྲངས་ཀ་བཏོན་མེད་ཀྱང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཞིབ་འཇུག་ནང་ས་ཡ་བཞི་ཡོད་པ་གསུང་གི་ཡོད་པ་རེད།