རྒྱ་ནག་གཞུང་གིས་དམའ་འབྲིང་སློབ་གྲྭ་ཁག་གི་ནང་ཕྱི་རྒྱལ་གྱི་སློབ་དེབ་བཀག་སྡོམ།
2020.01.07
རྒྱ་ནག་གཞུང་གི་ཤེས་རིག་ལས་ཁུངས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་དམའ་འབྲིང་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཕྱི་རྒྱལ་གྱི་སློབ་དེབ་ཁག་བེད་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱས་འདུག
རྒྱ་ནག་གཞུང་གི་ཤེས་རིག་ལས་ཁུངས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་དམའ་འབྲིང་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཕྱི་རྒྱལ་གྱི་སློབ་དེབ་ཁག་བེད་སྤྱོད་བྱེད་མི་ཆོག་པའི་ཁྲིམས་གཞི་ཞིག་འདི་ཚེས་༧ ཉིན་གཏན་འབེབས་བྱས་འདུག
གཟའ་མིག་དམར་ཉིན་གོ་ལའི་དུས་བབ་(Global Times)་ཞེས་པས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གི་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་ནང་འཛིན་སྐྱོང་བྱེད་སྟངས་དང་། རྒྱུ་ཆ་གང་གི་ཐོག་སློབ་ཁྲིད་བྱེད་ཕྱོགས་ཁྲིམས་གཞི་གཏན་འབེབས་བྱེད་སྐབས། རྒྱ་ནག་རྒྱལ་ཡོངས་ཀྱི་དམའ་འབྲིང་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་ཕྱི་རྒྱལ་གྱི་སློབ་དེབ་ཁག་བེད་སྤྱོད་བྱེད་མི་ཆོག་པ་བཟོས་འདུག གལ་ཏེ་རྒྱ་ནག་ནང་གི་སློབ་དེབ་ཁག་གིས་གཞི་རིམ་སློབ་གྲྭ་སོགས་ཀྱི་དགོས་མཁོའི་ཁ་སྐོང་མ་ཐུབ་ཚེ་རྒྱ་ནག་ནང་གི་པར་བསྐྲུན་ལས་ཁང་གིས་པར་བསྐྲུན་བྱས་པའི་རྒྱ་ཡིག་ནང་བསྒྱུར་ཟིན་པའི་སློབ་དེབ་ཁག་མཐོ་རིམ་སློབ་གྲྭ་དང་འཚོ་ཐབས་ལས་རིགས་སྦྱོང་བརྡར། དེ་བཞིན་རྒྱ་མིས་རྒྱ་ནག་ནང་འཛིན་སྐྱོང་བྱེད་བཞིན་པའི་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ནང་བེད་སྤྱོད་གཏོང་དགོས་པའི་སྐུལ་མ་བྱས་འདུག
ཡིན་ནའི་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་གྲ་ཆེན་མོ་ཁག དེ་བཞིན་ལས་རིགས་སྦྱོང་བརྡར་གྱི་མཐོ་སློབ་ཁག་གིས་རྒྱ་ནག་གཞུང་གི་སྒྲིག་གཞི་དང་སྲིད་ཇུས་གཏན་འབེབས་བྱས་པ་གཞིར་བཟུང་ཕྱི་རྒྱལ་གྱི་སློབ་དེབ་བེད་སྤྱོད་བྱེད་ཆོག་སྐོར་བརྗོད་འདུག
རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ནང་གི་སློབ་གྲྭ་འགའ་ཤས་ནང་དབྱིན་ཇིའི་སློབ་ཁྲིད་བྱེད་ཆེད་ཕྱི་རྒྱལ་གྱི་སློབ་དེབ་ཁག་ཁ་སྐོང་ཆེད་བེད་སྤྱོད་བྱེད་ཆོག་གི་ཡོད་པ་ཀོང་ཏུང་ནང་གི་ས་གནས་ཀྱི་གསར་ལམ་ཞིག་བརྗོད་འདུག་ལ་ཡང་ས་གནས་ཀྱི་སློབ་གྲྭ་མང་ཆེ་བས་ཁྲིམས་གཞི་གསར་པ་དེས་སློབ་ཕྲུག་ཚོར་སློབ་སྦྱོང་སྤྲོད་རྒྱུའི་ཐད་ཤུགས་རྐྱེན་གང་ཡང་ཐེབས་རྒྱུ་མིན་པ་དང་། སློབ་གྲྭ་དེ་དག་གིས་ཁྲིམས་གཞི་གསར་པ་དེ་དང་མཐུན་པའི་སློབ་ཚན་བཟོ་སྒྲིག་ཟིན་
ལུགས་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་གོང་ཞུས་ལྟར་སློབ་དེབ་ཐད་དམ་བསྒྲགས་བྱེད་དགོས་དོན་ནི། ལོ་ཆུང་བྱིས་པ་ཚོར་རྒྱ་མི་དམར་པོའི་ལྟ་གྲུབ་སྐོར་སློབ་ཁྲིད་བྱ་རྒྱུ་ཁོ་ནར་དམིགས་པ་དང་། ཕྱི་རྒྱལ་གྱི་གུ་ཡངས་ཅན་གྱི་བསམ་ཚུལ་ཁག་གོ་ཐོས་ཙམ་ཡང་བྱེད་དུ་མི་འཇུག་རྒྱུའི་སླད་དུ་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད།