བོད་ནག་ཆུ་ཁུལ་གཏེར་ཁ་སྔོགས་འདོན་མཚམས་འཇོག་རེ་སྐུལ།
2010.10.01
༄༅༎འདི་ག་རླུང་འཕྲིན་ཁང་ནས་སྔ་རྗེས་གནས་ཚུལ་རྒྱང་བསྲིང་ཞུས་པ་བཞིན་ བོད་ཀྱི་ནག་ཆུ་ཁུལ་གྱི་འབྲི་རུ་རྫོང་དུ་ས་གནས་ཡུལ་མིས་རྩ་ཆེར་ངོས་འཛིན་ཞུ་བཞིན་པའི་ཡུལ་ལྷ་ནག་ལྷ་ཛམ་སྦ་རིར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོགས་འདོན་བྱས་པར། བོད་རིགས་མང་ཚོགས་ཀྱི་ངོ་རྒོལ་བྱེད་བཞིན་ཡོད་པ་ལྟར། ཟླ་བ་སྔོན་མའི་ཚེས་༢༩ཉིན་བོད་མི་འབུ་འཕེལ་དང༌། བསམ་བརྟན། ཚེ་མགོན་ཞུ་བ་གསུམ་གྱིས་ནག་ཆུ་ས་གནས་ཀྱི་དཔོན་རིགས་ཚོར་གཏེར་ཁ་སྔོགས་འདོན་མཚམས་འཇོག་དགོས་པའི་སྙན་ཞུ་ཕུལ་བར་བསྐྱོད་སྐབས་ ཁོང་གསུམ་འཛིན་བཟུང་དང་སྦྲགས་དངུལ་གྱི་ཉེས་ཆད་བཏང་ཡོད་པའི་སྐོར་བོད་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་རིག་ལྡན་སྒྲོལ་མ་ལགས་སུ་གནས་ཚུལ་འདི་ལྟར་ངོ་སྤྲོད་གནང་འདུག
ཡང་འབྲི་རུ་ས་གནས་དེའི་ནང་འབྲེལ་བ་ཡོད་ཅིང༌། ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་བཅའ་བཞུགས་གནང་མཁན་དགེ་འདུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཀྱང༌གནས་ཚུལ་གཅིག་མཚུངས་འགྲེལ་བརྗོད་གནང་གི་འདུག་པ་མ་ཟད། ཁོང་གིས་མཁྱེན་རྟོགས་བྱུང་བའི་ནང་། ད་ལམ་འབྲི་རུ་ས་གནས་སུ་འཛིན་བཟུང་བྱས་པའི་ཁོངས་སུ་རྡོ་རྗེ་གྲགས་རྩལ་དང༌། དཔལ་ལྡན་ཆོས་གྲགས་ཞུ་བ་གཉིས་ཀྱང་བྱུང་ཡོད་འདུག