རྒྱ་ནག་ཏུ་ཟས་རིགས་རྫུན་བཟོའི་བཟོ་གྲར་དོ་དམ།
2011.08.04
༄༅༎རྒྱ་ནག་གཞུང་ནས་ཟས་རིགས་རྫུན་མ་བཟོ་མཁན་གྱི་བཟོ་གྲྭ་མང་པོ་སྒོ་རྒྱབ་པས་མ་ཟད་འབྲེལ་ཡོད་མི་སྣ་མང་པོ་འཛིན་བཟུང་དོ་དམ་བྱས་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་གི་བཟོ་གྲྭ་ཁག་ནས་བཟོས་པའི་ཟས་རིགས་དང་ལྷག་པར་དུ་འོ་མའི་རིགས་མང་པོ་ཞིག་ནང་། འགྱིག་ཤོག་བཟོ་རྒྱུའི་རྫས་རིགས་བསྲེས་ལྷད་བྱས་པའི་རྐྱེན་གྱིས་ཕྲུ་གུ་མང་པོ་ནད་མནར་དང་རྐྱེན་འདས་ཕྱིན་པ་མ་ཟད་ཕྱིའི་ཡུལ་གྲུ་ཁག་ནང་མིང་ངན་པ་ཆགས་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་ནས་ཟས་རིགས་ནང་འཕྲོད་བསྟེན་ལ་གནོད་གཞིའི་རྫས་རིགས་འདྲ་མིན་བསྲེས་ལྷད་བྱེད་མི་ཆོག་པའི་ཁྲིམས་གཞི་དམ་བསྒྲཌ་ཆེ་རུ་བཏང་ཡོད་པ་རེད། ལྷག་པར་དུ་ལོ་འདིའི་ཕྱི་ཟླ་བཞི་པ་ནས་བཟུང་སླར་ཡང་ཕག་ཤའི་རིགས་ཕྱིར་ཁྲོམ་གཞུང་ནང་འབུ་རྒྱབ་པ་དེ་རིགས་ཚོང་འགྲེམས་བྱེད་པའི་གནས་ཚུལ་བྱུང་བ་ནས་བཟུང་གཞུང་གིས་ཞིབ་འཇུག་བྱེད་རྒྱུ་ཛ་དྲག་ཏུ་བཏང་ནས་ཟས་རིགས་ཚོང་འགྲེམས་བྱེད་མཁན་ས་ཡ་མང་པོ་བསྔོག་བཤེར་དང་ཞིབ་མཇུག་བྱས་པ་བརྒྱུད་དོགས་གཞི་ཅན་གྱི་མི་སྣ་ ༢༠༠༠ ཙམ་འཛིན་བཟུང་དོ་དམ་དང་། ཟ་འབྲུའི་རིགས་མང་པོ་ཞིག་ཁྲིམས་འགལ་གྱི་ཐོག་ནས་བཟོ་གི་ཡོད་པའི་ཚོང་དོན་ཚན་པ་སྟོང་ཕྲག་འགའ་ཤས་སྒོ་རྒྱབ་བཅུག་ཡོད་འདུག ཁ་ས་གཞུང་གི་ཟ་འབྲུའི་རྟོག་ཞིབ་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཡོད་པ་དེའི་ནང་གསལ་ལྟར་ན། ཁྲིམས་འགལ་གྱི་ཐོག་ནས་ཟས་རིགས་བསྲེས་ལྷད་བཏང་བའི་ར་འཕྲོད་བྱུང་མཁན་རིགས་ལ་ཁྲིམས་ཐོག་ནས་ཉེས་ཆད་ཚབས་ཆེ་ཙམ་གཏོང་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད།