རྒྱ་ནག་གཞུང་གིས་ད་ལོར་རྒྱལ་སྲུང་མ་དངུལ་བརྒྱ་ཆའི་ ༧.༢ སྤར་རྒྱུ་ཡིན་པ་བསྒྲགས་འདུག

རྒྱ་ནག་གི་ལོ་རེའི་ཚོགས་ཆེན་གཉིས་ཞེས་བ་རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་དང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཚོག་བཞིན་པ་དང་། རྒྱ་ནག་གཞུང་གིས་འདི་ཚེས་ ༥ རེས་གཟའ་ལྷག་པའི་ཉིན་ད་ལོར་རྒྱལ་སྲུང་མ་དངུལ་བརྒྱ་ཆའི་༧.༢ སྤར་རྒྱུ་ཡིན་པ་བསྒྲགས་པ་དང་མཉམ། མུ་མཐུད་དུ་དེ་བས་སྟོབས་ཤུགས་ཆེ་ཞིང་དེང་རབས་དང་མཐུན་པའི་དམག་དཔུང་རྒྱ་བསྐྱེད་གཏོང་ནས་རྒྱ་ནག་གི་ས་ཁོངས་བདག་དབང་སྲུང་སྐྱོབ་དང་། ཨེ་ཤེ་ཡའི་ནང་ཨ་རིའི་དམག་དོན་འགོག་སྲུང་གི་དབང་ཤུགས་ལ་ཁ་གཏད་གཅོག་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་དང་། དེ་ནི་རྒྱ་ནག་གི་ད་ལོའི་དཔལ་འབྱོར་འཕར་ཚད་བརྒྱ་ཆ་ ༥ ཙམ་གྱི་དམིགས་ཚད་ཟིན་ཡོད་པ་རེད།
ད་ལོའི་རྒྱ་ནག་གི་རྒྱལ་སྲུང་མ་དངུལ་སྔོན་རྩིས་སྡོམ་འབོར་ཨ་སྒོར་ཐེར་འབུམ་ ༢༤༥ ཡས་མས་ཡིན་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བསྒྲགས་ཡོད་པ་རེད། ཡིན་ནའང་ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ཆེད་མཁས་པ་ཚོས། རྒྱ་ནག་གི་སྔོན་རྩིས་གཞན་གྱི་ཁོངས་སུ་ཡང་རྒྱལ་སྲུང་དང་འབྲེལ་བའི་ལས་གཞི་ཡོད་སྟབས། རྒྱ་ནག་གི་རྒྱལ་སྲུང་མ་དངུལ་གྱི་སྡོམ་འབོར་དེ་བརྒྱ་ཆའི་ ༤༠ ལས་མང་བ་སྤར་ཡོད་པར་གསུང་འདུག་ལ། འཕར་ཚད་དེ་ལོ་སྔོན་མ་དང་གཅིག་མཚུངས་ཡིན་ཡང་། དེའི་གོང་གི་ལོ་ཁ་ཤས་དང་བསྡུར་ན་འཕར་ཚད་ཀྱི་བརྒྱ་ཆའི་གྲངས་ཀ་ཉུང་བ་ཡོད་པ་དང་། དེའི་ཐོག་ནས་དཔལ་འབྱོར་སྤྱིའི་ཆ་ནས་མར་ཆག་པ་མཚོན་ཡོད་ཅིང་། རྒྱ་ནག་གི་འགོ་ཁྲིད་ཚོས་ད་ལོའི་འཕར་ཚད་བརྒྱ་ ༥ ཙམ་གྱི་དམིགས་ཚད་ཟིན་ཡོད་པ་གནས་ཚུལ་ནང་འཁོད་འདུག

རྒྱ་ནག་གཞུང་གིས་ད་ལོར་རྒྱལ་སྲུང་མ་དངུལ་བརྒྱ་ཆའི་ ༧.༢ སྤར་བ་བརྒྱུད་བོད་ནང་དང་འཕགས་བོད་ས་མཚམས། དེ་བཞིན་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་བཅས་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་རྒྱ་ནག་ཐོག་དབྱེ་ཞིབ་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་དམིགས་ཚད་ལས་བརྒལ་ཏེ་རྒྱལ་སྲུང་དང་བདེ་སྲུང་གི་མ་དངུལ་སྤར་བཞིན་པ་ལ་བལྟས་ན། འཕགས་བོད་ས་མཚམས་གཙོས་རྒྱ་ནང་གི་ས་མཚམས་ཁག་ལ་འཛུགས་བསྐྲུན་དང་དམག་དོན་གྱི་ལས་གཞི་མང་པོ་ཡོད་པ་གསལ་བོ་རེད། དེ་བཞིན་བོད་ནང་ལ་ཡོད་པའི་རྒྱ་ནག་གི་དམག་གི་རྟེན་གཞི་ཁག་ཡར་རྒྱས་གཏོང་རྒྱུ་དང་། མདོ་སྨད་ཕྱོགས་ཀྱི་ས་ཆ་ཁ་ཤས་ལ་དམག་གི་གོ་མཚོན་གྱི་རྟེན་གཞི་བཙུགས་ཡོད་པ་ཁག་རྒྱ་བསྐྱེད་གཏོང་རྒྱུ་དང་དེ་དག་ཐད་འགྲོ་སོང་མང་བ་གཏོང་རྒྱུ་ཡིན་པ་གསལ་བོ་རེད་ཅེས་དང་། ཕྱོགས་གཞན་ནས་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཐེ་ཝན་བཅས་ལ་དམག་གི་དཔུང་ཤུགས་ངོམ་རྒྱུ་དང་བསུན་གཙེར་བཟོ་བ་སོགས་ཀྱི་གནས་ཚུལ་ཡོང་རྒྱུ་ཡིན་པས་དེའི་ཐད་བོད་མི་ཙམ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གི་བྱ་སྤྱོད་ལ་དོ་སྣང་བྱེད་གལ་ཆེ་བ་དང་། གཞན་རྒྱལ་སྲུང་མ་དངུལ་ཤུགས་ཆེན་སྤར་དོན་ནི་རྒྱ་ནག་དམར་ཤོག་གཞུང་གིས་སོ་སོའི་དབང་ཆ་བརྟན་པོ་བཟོ་ཆེད་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་སྲིད་བློན་ལི་ཆང་ (Li Qiang) ་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དུ་བཅར་བའི་མི་གྲངས་ ༣༠༠༠ ཙམ་གྱི་ཚོགས་བཅར་བ་ཚོར་རྒྱ་ནག་གིས་ཐེ་ཝན་གྱི་གནད་དོན་དེ་ཞི་བའི་ངང་ནས་སེལ་རྒྱུ་ལ་དགའ་མོས་བྱེད་ཀྱི་ཡོད་ཀྱང་། ཐེ་ཝན་རང་བཙན་ཕྱོགས་སུ་ཁ་བསྒྱུར་མཁན་དང་དེ་དག་ལ་རྒྱབ་སྐྱོར་བྱེད་མཁན་ཕྱིའི་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་ནན་བརྗོད་བྱས་འདུག
གང་ལྟར་ཡང་། རྒྱ་ནག་གི་དམག་དོན་འགྲོ་གྲོན་དེ་ཨ་རིའི་རྗེས་ཏེ་འཛམ་གླིང་གི་ཨང་གཉིས་པ་ཡིན་པ་དང་། མཚོ་དམག་གི་གཞི་རྒྱ་ཆེ་ཆུང་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་སོགས་གནས་ཚུལ་ནང་བཀོད་འདུག།
གསར་འགོད་པ། བསོད་ནམས་ལྷ་མོ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།