རྒྱ་ནག་སྲིད་བློན་དང་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་མཇལ་མོལ།

རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་དབར་མགྱོགས་ནས་མྱུར་དུ་ཚོགས་ཆེན་འཚོག་རྒྱུར་མོས་མཐུན་གནང་འདུག

2009.01.31

༄༅༎ཁ་ས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་དང་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོའི་དབར་བཀའ་མོལ་གནང་སྐབས་འཛམ་གླིང་གི་ཁྲོམ་རའི་དཔལ་འབྱོར་ཉམས་རྒུད་དང་གནམ་གཤིས་འགྱུར་ལྡོག་དང་བོད་ཀྱི་གནད་དོན་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་བརྗོད་གཞི་དེ་དག་ཐོག་ལ་ཕན་ཚུན་དབར་གྱི་ལངས་ཕྱོགས་བརྗེ་རེས་གནང་བའི་གྲུབ་འབྲས་གཙོ་བོ་མཁས་པའི་རྣམ་དཔྱོད་ལས་གྲུབ་པའི་སྒྱུ་རྩལ་རིགས་ཀྱི་བདག་དབང་སྲུང་སྐྱོབ་གཅེས་འཛིན་བྱ་རྒྱུ་དང་རྐུ་འཁྱེར་རྫུན་བཟོ་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་རིགས་བཀག་འགོག་བྱ་རྒྱུའི་ཐད་ལ་གྲོས་མཐུན་བྱུང་ཡོད་པ་རེད།

ཡིན་ནའང་བོད་ཀྱི་གནད་དོན་ཐད་ལ་རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་དབར་གྱི་ལངས་ཕྱོགས་དེ་དག་གནས་སྐབས་ཟུར་འཇོག་བྱས་ཏེ་འཛམ་གླིང་ཡོངས་ཀྱི་ཁྲོམ་རའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་དཀའ་རྙོག་ལ་ཁ་གཏད་གདོང་ལེན་མཉམ་རུབ་གནང་རྒྱུ་ཛ་དྲག་གི་དགོས་དབང་ཅན་དུ་ངོས་འཛིན་བྱས་ཏེ་རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་དབར་མགྱོགས་ནས་མྱུར་དུ་ཚོགས་ཆེན་འཚོག་རྒྱུར་མོས་མཐུན་གནང་ཡོད་པ་རེད། རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོས་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་ཧོ་སེ་མ་ནུའེལ་སྦ་རོ་སོ་ལྷན་དུ་བཀའ་མོལ་གནང་རྗེས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་ཡོ་རོབ་སྤྱི་མཐུན་གྱི་དབུ་ཁྲིད་ཚོ་དང་ལྷན་དུ་ཕར་བཤད་ཚུར་བཤད་བྱས་པའི་དབུས་སུ་གནད་དོན་ཚང་མའི་ཐད་ལ་གྲོས་མཐུན་མགྱོགས་པོ་ཡོང་གི་འདུག་ཅེས་དང་ཡོ་རོབ་སྤྱི་མཐུན་དང་རྒྱ་ནག་དབར་འགལ་ཟླ་ཆུང་ཆུང་རིགས་ཡོད་ནའང་སུས་ཀྱང་འདས་པའི་ལོ་རྒྱུས་ལ་ཁ་ཕྱོགས་འགྱུར་ཐབས་མེད་པ་ནང་བཞིན་རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་དབར་གྱི་གཞི་རྩའི་འབྲེལ་བར་ག་ཕྱི་གོ་ལོག་ཆགས་ཀྱི་མ་རེད་ཅེས་བརྗོད་ཡོད་པ་རེད། ཐོག་མའི་དམིགས་ཡུལ་དང་འཆར་གཞི་ལྟར་ན་ཡོ་རོབ་སྤྱི་མཐུན་དང་རྒྱ་ནག་དབར་ཆེས་མཐོའི་ལྷན་ཚོགས་དེ་བཞིན་ན་ནིང་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་གནང་རྒྱུ་གནང་ཡོད་པ་རེད། འོན་ཀྱང་སྐབས་དེའི་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་གནང་མཁན་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བར་བརྟེན་རྒྱ་ནག་གཞུང་གིས་དེར་ཁག་དཀྲི་གཡོག་སྟེ་ཆེས་མཐོའི་ཚོགས་ཆེན་དེ་ཕྱིར་བསྡུ་བྱས་ཡོད་པ་རེད། རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་གྱི་དབུ་ཁྲིད་རྣམ་པའི་དབར་ཆེས་མཐོའི་ཚོགས་ཆེན་དེ་བཞིན་འབྱུང་འགྱུར་གྱི་ཕྱི་ཟླ་བཞི་པའི་ནང་བསྐོང་ཚོགས་གནང་རྒྱུར་རྒྱ་ནག་གི་སྲིད་བློན་དང་ཡོ་རོབ་སྤྱི་མཐུན་གྱི་ཚོགས་གཙོའི་དབར་གྲོས་མཐུན་བྱུང་ཡང་ཚེས་གྲངས་གཏན་འབེབས་གནང་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎