ཨ་རིས་རྒྱ་ནག་གི་དམག་དོན་གོ་མཚོན་རྒྱ་སྐྱེད་ལ་སེམས་འཚབ།
2010.01.14
༄༅༎རྒྱ་ནག་གིས་དམག་དོན་གོ་མཚོན་རྒྱ་སྐྱེད་ཆེན་པོ་གཏོང་བཞིན་པའི་གནད་དོན་ལ་ཨ་རིས་སེམས་འཚབ་གནང་གི་ཡོད་འདུག
ཁ་ས་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་དམག་སྤྱི་རོ་བདྲ་ ཝི་ལདྲ་མཆོག་ནས་གྲོས་ཚོགས་ཀྱི་དམག་དོན་ཉམས་ཞིབ་ཚོགས་ཆུང་མདུན་སྙན་སེང་ཞུས་པའི་སྐབས། རྒྱ་ནག་ངོས་ནས་དམག་དོན་རྒྱ་སྐྱེད་ཧ་ཅང་ཆེན་པོ་བཏང་དང་གཏོང་བཞིན་པ་དེ་དག་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཆེད་ཡིན་ལུགས་འགྲེལ་བཤད་རྒྱབ་ཀྱི་ཡོད་ཀྱང་དོན་དངོས་སུ་རྒྱ་སྐྱེད་གཏོང་སྟངས་དང་། དེང་དུས་ཀྱི་འཕྲུལ་རིགས་བེད་སྤྱོད་གཏོང་སྟངས། དེ་བཞིན་ཧ་ཅང་གཞི་རྒྱ་ཆེན་པོའི་ཐོག་ནས་དམག་སྤྱོང་སྤྲོད་སྟངས། གལ་ཆེ་ཤོས་ཁོང་ཚོའི་ངོས་ནས་ཕྱི་གསལ་ནང་གསལ་མེད་པའི་བྱ་སྤྱོད་བཅས་ལ་བལྟས་པའི་སྐབས་བློ་འཚབ་སྐྱེས་གཞི་ཞིག་རེད་ཅེས་གསུངས་ནས་དཔེ་མཚོན་དུ་རྒྱ་ནག་ནས་མཁའ་དབྱིངས་སུ་གོ་མཚོན་བེད་སྤྱོད་བྱེད་རྒྱུར་དགག་ཆ་བྱེད་བཞིན་ཡོད་ཀྱང་དེ་ལས་བཟློག་ཏེ་ཕྱི་ལོ་༢༠༠༧ལོར་རྒྱ་ནག་རང་ཉིད་ནས་ཆར་པ་དང་གཞན་ཡང་གནམ་གཤིས་ཡག་པོ་ཡོང་ཐབས་སུ་དམིགས་ནས་ཐད་ཀར་མཁའ་དབྱིངས་སུ་མེ་ཤུགས་འཕུར་མདེལ་བེད་སྤྱོད་བྱས་པ་སོགས་ལུང་དྲངས་གནང་ཡོད་པ་རེད། གང་ལྟར་ཨ་མི་རི་ཀའི་བདེ་སྲུང་ལས་ཁུངས་ནས་སྙན་ཐོ་བཏོན་པ་ནང་གསལ་ལྟར་ན། རྒྱ་ནག་དམག་དོན་ཚན་པས་ཧ་ཅང་ཚད་མཐོ་བའི་གོ་མཚོན་དང་། རྡུལ་ཕྲན་རིགས། མཁའ་དབྱིངས་སུ་བེད་སྤྱོད་བྱེད་རྒྱུའི་འཕྲུལ་རིགས། དེ་དང་ཕྱོགས་མཚུངས་གློག་རྡུལ་དྲ་རྒྱ་བཀག་འགོག་བྱེད་རྒྱུའི་འཕྲུལ་ལས། ས་མཚོ་གནམ་གསུམ་གྱི་དམག་གི་གོ་མཚོན་བཅས་མང་པོ་ཞིག་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དེས་ཨ་རི་ཙམ་མ་ཡིན་པར་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཡང་ཉེན་ཁ་ཆགས་རྒྱུའི་སྔོན་བརྡ་བཏང་བ་དང་ཆབས་ཅིག་ཨ་རིའི་ངོས་ནས་ཐུགས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་གྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད་ལ་ད་རེས་ཨ་རིའི་འབྲེལ་ཡོད་དམག་སྤྱིའི་ངོས་ནས་ཀྱང་གྲོས་ཚོགས་ཀྱི་ཚོགས་ཆུང་ལ་སྙན་སེང་ཞུས་ནས་རྒྱ་ནག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བསྟུན་དགོས་པའི་བརྒྱུད་སྐུལ་བྱེད་དགོས་ལུགས་ཀྱང་གསུངས་ཡོད་པ་རེད།