རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་ཕུད་པའི་རྒྱལ་ཁབ་གཞན་རྣམས་ལ་སྒོ་ཁྲལ་ཆག་ཡང་བརྒྱུད་རྒྱ་ནག་དང་ལྷན་དཔལ་འབྱོར་འབྲེལ་ལམ་ཇེ་ཞན་དུ་གཏོང་བར་གནོན་ཤུགས་སྤྲད་པའི་སྐྱོན་བརྗོད་བྱས་འདུག

2025.04.21
རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་ཕུད་པའི་རྒྱལ་ཁབ་གཞན་རྣམས་ལ་སྒོ་ཁྲལ་ཆག་ཡང་བརྒྱུད་རྒྱ་ནག་དང་ལྷན་དཔལ་འབྱོར་འབྲེལ་ལམ་ཇེ་ཞན་དུ་གཏོང་བར་གནོན་ཤུགས་སྤྲད་པའི་སྐྱོན་བརྗོད་བྱས་འདུག ཨ་རི་དང་རྒྱ་ནག་གི་རྒྱལ་དར་པར་རིས་ཕྱོགས་བསྒྲིགས།
Illustration/Dado Ruvic/Reuters

ཉེ་ལམ་སྲིད་འཛིན་ཊམཔ་ཡིས་ཨ་རིའི་གཞུང་གིས་རྒྱལ་ཁབ་མང་དག་གཅིག་ལ་བཀལ་བའི་སྒོ་ཁྲལ་དེ་བཞིན་ཉིན་དགུ་བཅུའི་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་རྗེས། རྒྱལ་ཁབ་བདུན་བཅུ་ལྷག་གིས་ཚོང་འབྲེལ་གྲོས་མོལ་མུ་མཐུད་བྱ་འདོད་ཡོད་ཅེས་བརྗོད་ཡོད་སྐོར་གསུངས་འདུག

གནད་དོན་དེ་འབྲེལ་ཟླ་ ༤ ཚེས་ ༢༡ ཉིན་རྒྱ་ནག་གཞུང་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས། རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་ཨ་རི་དང་གྲོས་མཐུན་འཇོག་མཁན་རྒྱལ་ཁབ་ཚང་མར་ངོ་རྒོལ་ཤུགས་ཆེ་ཡོད་པའི་ཉེན་བརྡ་བཏང་འདུག་ལ། རྒྱལ་ཁབ་གཞན་ཞིག་གི་ཁེ་ཕན་ལ་གནོད་པའི་ཐོག་ནས་སྒོ་ཁྲལ་ཆག་ཡང་འཚོལ་ཐབས་བྱས་པ་དེས། མཐའ་མཇུག་ཏུ་དེ་ལས་ལྡོག་སྟེ་འབྲེལ་ཡོད་ཕྱོགས་ཚང་མར་གནོད་སྐྱོན་བཟོ་ངེས་རེད་ཅེས་བརྗོད་འདུག

རྒྱ་ནག་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས་བསྒྲགས་གཏམ་དེ་ནི། བདུན་ཕྲག་སྔ་མའི་ནང་ (Bloomberg) གསར་ཁང་གིས། ཊམཔ་སྲིད་གཞུང་གིས་སྒོ་ཁྲལ་ཆག་ཡང་རེ་ཞུ་བྱེད་མཁན་གྱི་རྒྱལ་ཁབ་ཚོར་རྒྱ་ནག་དང་མཉམ་ཚོང་འབྲེལ་ཉུང་དུ་གཏོང་དགོས་པའི་སྣོན་ཤུགས་སྤྲོད་འདོད་ཡོད་སྐོར་གྱི་གནས་ཚུལ་བཀོད་བའི་རྗེས་སུ་སྤེལ་བ་ཞིག་ཡིན་འདུག

དེ་ཡང་ (Bloomberg) གསར་ཁང་གིས། ཨ་རིའི་དཔོན་རིགས་ཚོས་རྒྱལ་ཁབ་གཞན་རྣམས་ནས་རྒྱ་ནག་ནས་དགོས་མཁོ་ལས་བརྒལ་བའི་ཅ་དངོས་ནང་འདྲེན་བྱེད་མཚམས་འཇོག་དགོས་པ་དང་། པེ་ཅིང་དང་འབྲེལ་ལམ་བཟང་བའི་རྒྱལ་ཁབ་ཁག་གི་ཅ་དངོས་ཐོག་ཨ་རིའི་གཞུང་ངོས་ནས་སྒོ་ཁྲལ་བཀལ་རྒྱུ་བཅས་ཀྱི་སྣོན་ཤུགས་སྤྲོད་ཐབས་ཀྱི་འཆར་གཞི་གྲོས་བསྡུར་བྱེད་བཞིན་ཡོད་སྐོར་སོགས་བཀོད་ཡོད་པ་རེད།

ཟླ ༤ ཚེས་ ༢ ཉིན་ཊམཔ་སྲིད་གཞུང་གིས་རྒྱལ་ཁབ་མང་དག་གཅིག་ལ་སྒོ་ཁྲལ་གསར་པ་བཀལ་རྒྱུ་ཡིན་སྐོར་བསྒྲགས་པའི་རྗེས། ཨ་རི་དང་རྒྱ་ནག་གཉིས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་གནོད་སྐྱོན་གཏོང་ཉེན་ཆེ་བའི་ཚོང་དོན་དམག་འཁྲུག་མགོ་འཛུགས་ཡོད་ཅིང་། ལྷག་པར་དུ་ཊམཔ་སྲིད་གཞུང་གིས། རྒྱ་ནག་དང་ཚོང་དམགས་ཚད་མཐོ་རུ་བཏང་སྟེ་རྒྱ་ནག་གི་ཅ་དངོས་ནང་འདྲེན་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༤༥ བར་བཀལ་ཡོད་པར། རྒྱ་ནག་གཞུང་ནས་ཀྱང་ཨ་རིའི་ཅ་དངོས་ལ་སྒོ་ཁྲལ་བརྒྱ་ཆ་ ༡༢༥ བཀལ་ནས་ཚོང་དམག་དེ་བཞིན་མུ་མཐུད་མཐའ་མའི་བར་དུ་འཐབ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།

དེ་བཞིན་འདིའི་ཚེས་ ༢༠ ཡེ་ཤུའི་དུས་ཆེན་ (Easter) ཉིན། སྲིད་འཛིན་ཊམཔ་ཡིས་རྒྱལ་ཁབ་གཞན་གྱིས་སྒོ་ཁྲལ་མ་ཡིན་པའི་ཐོག་ནས་ཨ་རིར་མགོ་སྐོར་གཏོང་བའི་ཐོ་གཞུང་ཞིག་འདོན་སྤེལ་གྱིས། གནད་དོན་དེས་ཚོང་གྲོགས་རྒྱལ་ཁབ་རྣམས་དང་ཨ་རིའི་དབར་གྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད། སྒོ་ཁྲལ་དང་འབྲེལ་བ་མེད་པའི་དོན་ཚན་བརྒྱད་ཅན་གྱི་ཐོ་གཞུང་དེའི་ནང་། དངུལ་ལོར་བཟོ་བཅོས། ཕྱིར་འདྲེན་ཆག་ཡང་། བཟོ་སྐྲུན་རྫུན་མ་སོགས་འཁོད་ཡོད་པ་རེད།

གཞན་ཡང་ཨ་རྒྱ་གཉིས་དབར་སྒོ་ཁྲལ་ཤུགས་ཆེ་བཀལ་རེས་ཀྱི་ཚོང་དམག་ཁྲོད། ཟླ་ ༤ ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན། ཨ་རིའི་སྲིད་འཛིན་ཊམཔ་ཡིས་རྒྱལ་ཁབ་གཉིས་དབར་གྲོས་མོལ་འགྲོ་བཞིན་ཡོད་ཅིང་། འབྱུང་འགྱུར་བདུན་ཕྲག་གསུམ་ནས་བཞིའི་ནང་གྲོས་མཐུན་ཞིག་གཏན་འབེབས་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎