རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་འཐུས་མི་ཕལ་ཆེར་གཏན་འཁེལ་ཟིན་པ་དབྱེ་ཞིབ་གནང་གི་འདུག

2022.09.26
རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་འཐུས་མི་ཕལ་ཆེར་གཏན་འཁེལ་ཟིན་པ་དབྱེ་ཞིབ་གནང་གི་འདུག རྒྱ་ནག་གི་ཚོགས་ཆེན་སྐབས། ༠༣།༡༡།༢༠༢༢
AP

རྒྱ་ནག་གི་ཚོགས་ཆེན་ཉི་ཤུ་བ་འཚོགས་ལ་ཉེ་བ་དང་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྱི་འཐུས་མི་ཕལ་ཆེར་གཏན་འཁེལ་ཟིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་འདུག

རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་ཉི་ཤུ་བ་འཚོག་པར་ཉིན་གྲངས་༢༠ཙམ་ལས་མེད་པའི་སྐབས་འདིར། རེས་གཟའ་ཉི་མ་སྟེ་ཕྱི་ཚེས་༢༥ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་ནས། ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་དབུས་དམར་ཤོག་ཚོགས་པའི་སྣེ་ཁྲིད་སྲ་བརྟན་འོག དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་བའི་འཐུས་མི་འོས་འདེམས་ཀྱི་ལས་དོན་ལེགས་འགྲུབ་བྱུང་བ་མ་ཟད། འོས་འདེམས་བརྒྱུད་དམར་ཕྱོགས་ཚོགས་པའི་འཐུས་མི་༢༢༩༦རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་ཉི་ཤུ་བར་ཚོགས་ཞུགས་བྱེད་རྒྱུ་བཀོད་ཡོད་ཀྱང་། དེ་ནི་ལོ་ལྔའི་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་བཅུ་དགུ་བའི་འཐུས་མི་༢༢༨༧ཡོད་པའི་ཁྲོད་ཀྱི་དངོས་ཡོད་འཐུས་མི་༢༢༨༠དང་བསྡུར་ན། སྐབས་ཉི་ཤུ་བའི་འཐུས་མིའི་གྲངས་འབོར་ཅུང་འཕར་སྣོན་བྱུང་འདུག
དེའི་ཐད་རྒྱ་ནག་གི་སྲིད་དོན་དབྱེ་ཞིབ་པ་སུང་ཡང་ནས་བརྗོད་ན། ད་ལྟ་རྒྱ་ནག་གཞུང་གིས་ཚོགས་ཆེན་ཉི་ཤུ་བའི་འཐུས་མིའི་མིང་ཐོ་གསལ་བསྒྲགས་བྱས་པ་ལས། ཚོགས་ཆེན་དེའི་ཐད་ཀྱི་གྲ་སྒྲིག་ལས་དོན་ལེགས་འགྲུབ་བྱུང་བ་མཚོན་པ་མ་ཟད། ཚང་མས་དོ་སྣང་བྱེད་ཡུལ་ཆབ་སྲིད་རྒྱུན་ལས་ཁང་གི་ཚོགས་མི་རྣམས་ཕལ་ཆེར་གཏན་འཁེལ་ཡོད་པས། ཞི་ཅིན་ཕེང་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཡོད་མེད་ལ་མ་བལྟོས་ཁོ་ཡང་བསྐྱར་དུ་འགོ་ཁྲིད་ལ་འདུག་རྒྱུ་ཧ་ལམ་གཏན་འཁེལ་ཟིན་པ་རེད་ཟེར།
རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་བའི་ཆབ་སྲིད་ལྷན་ཁང་ལ་འཐུས་མི་༢༥ཡོད་པའི་ཁྲོད། ལོ་ན་༦༩ཡིན་པའི་ཞི་ཅིན་ཕིང་གིས་མུ་མཐུད་དུ་འགོ་ཁྲིད་བྱེད་རྒྱུ་ལས་གཞན། དེ་དག་ཁྲོད་ལོ་ན་༦༠ཡིན་པའི་ཏེན་ཞེ་ཞང་དང་། ལོ་ན་༦༢ཡིན་པའི་ཁྲིན་མེ་ཨར། ལོ་ན་༥༩ཡིན་པའི་ཧུའུ་ཁྲོང་ཧྭ་བཅས་ནི་ལོ་རབས་དྲུག་ཅུའི་རྗེས་ཀྱི་མི་ཡིན་ཞིང་། ཁོ་ཚོ་བདེ་ལེགས་ངང་ཚོགས་ཆེན་ཉི་ཤུའི་ཆབ་སྲིད་རྒྱུན་ལས་ནང་སླེབས་རྗེས། གཞན་པ་རྒྱ་ནག་དྲིལ་བསྒྲགས་བློན་ཆེན་ཧོང་ཁོན་མེན་དང་། ཀྲོ་ལི་ཅི། ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ལི་ཆང་བཅས་གསུམ་པོ་ལོ་༦༥སླེབས་མེད་པས། གཞན་རྣམས་ཕྱིར་ཕུད་པ་ཡིན་ན། ལོ་ཡི་ཆ་ནས་ཚོད་དཔག་ན། རྒྱ་ནག་གི་སྐབས་གསར་བའི་ཆབ་སྲིད་རྒྱུན་ལས་ཁང་གི་མི་བདུན་ནི་ཞི་ཅིན་ཕིང་དང་ལི་ཆང་། ཀྲོ་ལི་ཅི། ཧུའུ་ཁྲོང་ཧྭ། ཁྲིན་མེ་ཨར། ཏེན་ཞེ་ཞང་། ཧོང་ཁོན་མེན་བཅས་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག
དེ་བཞིན་གནད་དོན་དབྱེ་ཞིབ་པས། ཕྱི་ལོགས་ནས་ད་ལྟ་མཐོང་བའི་རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་པའི་འོས་འདེམས་བརྒྱུད་བྱུང་བ་ཟེར་བའི་འཐུས་མི་དེ་དག་ཇི་ལྟར་བྱུང་བ་དང་། རྒྱ་ནག་དབུས་འཐུས་མི་ཇི་ལྟར་འདེམས་པ། ཆབ་སྲིད་རྒྱུན་ལས་ཁང་གི་རྒྱུན་ལས་རྣམས་ཇི་ལྟར་འདེམས་པ་སོགས་ནི་སུ་ལའང་གསལ་ཆ་ཡོད་པ་མ་རེད་ཟེར།

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎