ཨོ་སྦ་མ་ནས་༸གོང་ས་མཆོག་མཇལ་བར་རྒྱ་ནག་གིས་ངོ་རྒོལ།
2010.02.19
༄༅༎ཁ་ས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་རྣམ་གཉིས་མཇལ་འཕྲད་གནང་བའི་ཐོག་དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
རྒྱ་ནག་ཕྱི་སྲིད་ལས་ཁང་གི་བློན་ཆེན་གཞོན་པ་ཚུད་ཐན་ཁད་ཀྱིས་རྒྱ་ནག་ནང་ཡོད་པའི་ཨ་རིའི་སྐུ་ཚབ་ལ་ཨ་རིའི་སྲིད་འཛིན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བའི་གནད་དོན་ལ་རྒྱ་ནག་གཞུང་གིས་ཤུགས་ཆེའི་ངོ་རྒོལ་ཡོད་པའི་རྣམ་འགྱུར་གསལ་བསྟོན་བྱས་ཡོད་པའི་སྐོར་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མའ་ཁྲའོ་ཤུད་ཀྱིས་འགྲེལ་བརྗོད་བྱས་འདུག རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་བརྗོད་དོན་ལྟར་ན་ཨ་རི་གཞུང་གི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་རྩ་འཛིན་དང་ཡོངས་སུ་རྒྱབ་འགལ་དང་རྒྱ་ནག་དང་ཨ་རིའི་དབར་གྱི་ཡོངས་ཁྱབ་གསལ་བསྒྲགས་དོན་ཚན་གསུམ་གྱི་ནང་དོན་དང་ཡང་ཡོངས་སུ་རྒྱབ་འགལ་ཡིན་པ་མ་ཟད་ཨ་རིས་བོད་དེ་རྒྱ་ནག་གི་མངའ་ཁོངས་དང་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་མེད་པའི་ལངས་ཕྱོགས་དང་ཡང་ཡོངས་སུ་རྒྱབ་འགལ་ཡིན་ལུགས་བཤད་ནས་རྒྱ་ནག་གཞུང་གིས་དེར་ཤུགས་ཆེའི་ངོ་རྒོལ་དང་སྐྱོན་བརྗོད་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མའ་ཁྲའོ་ཤུད་ཀྱིས་མུ་མཐུད་བརྗོད་པར་ཨ་རི་གཞུང་གིས་རྒྱ་ནག་གི་ལངས་ཕྱོགས་ལ་བསམ་ཞིབ་གནང་ཏེ་གནད་དོན་དེའི་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་དེ་སེལ་ཐབས་བྱེད་དགོས་པ་མ་ཟད་བོད་རང་བཙན་དང་རྒྱ་ནག་ལ་ཁ་གཏད་ཀྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱས་ནས་དོན་དངོས་དང་མཐུན་པའི་སྒོ་ནས་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གནང་དགོས་ལུགས་བརྗོད་ཡོད་འདུག ཁ་ས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཨ་རིའི་སྲིད་འཛིན་ཕོ་བྲང་དུ་མཇལ་འཕྲད་གནང་ཏེ་ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་གི་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འཛིན་གནང་བའི་ལམ་དབུ་མའི་ཐབས་ལམ་དེར་བསྔགས་བརྗོད་ཞུས་ཡོད་པ་མ་ཟད་ཨ་རི་གཞུང་གིས་བོད་ཀྱི་རིག་གཞུང་དང་ཆོས་ལུགས་སྲུང་སྐྱོབས་ཡོང་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་དང་༸གོང་ས་མཆོག་དང་པེ་ཅིན་གཞུང་དབར་གྲོས་མོལ་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་འདོད་ཚུལ་བཏོན་གནང་ཡོད་པ་རེད། དེ་དང་ཆབས་ཅིག་དེ་རིང་ཨ་རིའི་རྒྱལ་ཡོངས་དམངས་གཙོ་དར་འཕེལ་ཐེབས་རྩ་ཁང་གིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་གནས་པའི་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོའི་ནང་༸གོང་ས་མཆོག་ལ་ཐེབས་རྩ་ཁང་དེའི་ཆེས་མཐོའི་གཟེངས་རྟགས་དེ་འབུལ་བཞེས་གནང་རྒྱུ་ཡིན་པ་རེད།