ཕྱི་དྲིལ་བཀའ་བློན་མཆོག་གི་གཞུང་དོན་འཚམས་གཟིཌ་སྐོར།
2008.10.08
༄༅༎བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་མཆོག་ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང༌བོད་དོན་སྐོར་གསུངས་བཤད་གནང་འཆར་ཡོད་འདུག
བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན་ཕྱི་དྲིལ་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་འདི་ཚེས་དགུ་ནས་ཚེས་བཅུ་དྲུག་བར་ཐོག་མར་ཨོ་སེ་ཀྲོ་ལི་ཡ་དང་དེ་ནས་རིམ་པས་ནིའུ་ཛི་ལེན་དྲིའི་ནང་གཞུང་དོན་འཚམས་འདྲི་གཟིགས་བསྐོར་ཕེབས་རྒྱུ་ཡིན་འདུག
བཀའ་བློན་མཆོག་གི་མཛད་རིམ་ནང་གཙོ་བོ་ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་ཆུང་ནང་གསུངས་བཤད་གནང་རྒྱུ་དང་དེ་ནས་ལྗང་ཁུ་ཚོགས་པའི་ཚོགས་གཙོ་དང་གཞན་ཡང་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་གི་ཡོད་འདུག་ལ་ཨོ་སེ་ཀྲོ་ལི་ཡའི་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་རྒྱུའི་མཛད་རིམ་ཡང་ཡོད་འདུག
དེ་དང་ཕྱོགས་མཚུངས་ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་ལྷན་དུ་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་རྒྱ་གྲོས་མོལ་གྱི་བརྒྱུད་རིམ་སོགས་ཀྱི་སྐོར་བཀའ་བསྡུར་གནང་འཆར་ཡོད་འདུག
ཡང་བཀའ་བློན་མཆོག་ཨོ་སེ་ཀྲོ་ལི་ཡའི་གྲོང་ཁྱེར་ཁག་གསུམ་ཙམ་ནང་ཕེབས་ཀྱི་ཡོད་པའི་ཆ་ནས་ས་གནས་སོ་སོའི་ནང་བཅའ་བཞུགས་བོད་མི་ཚོ་དང་ལྷག་པར་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཕེབས་དོན་གཞིར་བཟུང་འདི་ལོའི་འགོ་སྟོད་དུ་ཆེད་བཙུགས་གནང་བའི་བོད་མི་དང་རྒྱ་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་ཁག་དང་རྒྱ་རིགས་མཐུན་ཚོགས་ཀྱི་ཚོགས་མི་སོགས་དང་མཇལ་འཕྲད་གནང་རྒྱུ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ཅིག་གི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གསུངས་བཤད་གནང་རྒྱུ་སོགས་ཀྱི་མཛད་རིམ་ཁག་གྲུབ་གནང་བའི་རྗེས་སུ་ནིའུ་ཛི་ལེན་དྲིའི་ཁུལ་དུ་ཕེབས་ནས་ཁུལ་དེར་ཡང་འབྲེལ་ཡོད་དཔོན་རིགས་ཁག་མཇལ་འཕྲད་དང་བོད་མི་དང་མཇལ་འཛོམས་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག