ཁྲེན་ཀོང་ཁྲེང་གིས་ཆེད་རྩོམ་སྤེལ་ནས་རྒྱ་གཞུང་ལ་སྐྱོན་བརྗོད།
2012.05.30
༄༅༎ཉིན་ཤས་སྔོན་རྒྱ་ནག་ནས་ཨ་རིའི་ནང་ཕེབས་ཐུབ་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲེན་ཀོང་ཁྲེང་གིས་ཨ་རིའི་ནིའུ་དབྱོག་ཁྲམ་སེ་ཞེས་པའི་ཚགས་ཤོག་ཐོག་རྩོམ་ཡིག་སྤེལ་བའི་ནང་ རྒྱ་ནག་གཞུང་གིས་རང་སོ་སོས་གཏན་འབེབས་བྱས་པའི་ཁྲིམས་ལུགས་དང་རྒྱབ་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག
ཕྱི་ཟླ་ལྔ་པའི་ཚེས་༣༠ཉིན་ཁྲེན་ཀོང་ཁྲེང་གིས་འགོ་བརྗོད་དུ་རྒྱ་ནག་གི་ཁྲིམས་འགལ་ཞེས་འཁོད་པའི་བརྗོད་གཞིའི་ཐོག་ནས་ནིའུ་དབྱོག་ཁྲམ་སེ་ཚགས་ཤོག་ཐོག་རྩོམ་ཡིག་ཞིག་སྤེལ་ཡོད་པ་དང་ དེའི་ནང་རྒྱ་ནག་གཞུང་གིས་ག་དུས་ཡིན་ནའི་ཁ་དན་ཚིག་ལ་གནས་ཀྱི་མེད་པ་དང་ ད་རེས་ཁོང་དང་ ཁོང་གི་ནང་མི་སྤུན་མཆེད་ཚོས་འདས་པའི་ལོ་ངོ་བདུན་ཙམ་རིང་མྱང་བའི་རྡུང་རྡེག་མནར་གཅོད་ཀྱི་གྱོད་དོན་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་རྒྱུའི་ཁས་ལེན་ཁ་དན་ཚིག་ལ་གནས་ཐུབ་པའི་རེ་བ་ཡོད་ཅེས་དང་ ད་དུང་ཁོང་གིས་སྤེལ་བའི་རྩོམ་ཡིག་དེའི་ནང་ རྒྱ་ནག་ནང་ཁྲིམས་ལུགས་མེད་པ་མིན་ཡང་ རྒྱ་ནག་རང་ཉིད་ཀྱིས་བཏོན་པའི་ཁྲིམས་ལུགས་ལ་རང་སོ་སོས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་དང་ དམིགས་བསལ་ཁོང་རང་གི་གྱོད་དོན་ཐོག་ཐེ་བྱུས་ཡོད་པའི་དཔོན་རིགས་མང་པོས་འདས་པའི་ལོ་མང་རིང་ ཐབས་ལམ་སྣ་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་དངོས་་གསལ་དོད་པོའི་ཐོག་ནས་བརྩི་མེད་གཏོང་གི་ཡོད་པ་དང་ རྒྱ་ནག་གཞུང་གིས་ངེས་པར་དུ་གདོང་ལེན་བྱེད་དགོས་ཡས་ཀྱི་གནད་དོན་གཙོ་བོ་ཞིག་ནི་ དཔོན་རིགས་ཀྱིས་ཁྲིམས་མེད་ལུང་མེད་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་དེ་ཚོ་འགོག་ཐབས་བྱ་དགོས་ཀྱི་ཡོད་པ་སོགས་འཁོད་འདུག་ལ་ ད་དུང་ཁྲེན་ཀོང་ཁྲེང་གིས་རྩོམ་ཡིག་དེའི་ནང་ཁོང་གི་ཚ་བོ་ཁྲེན་ཁཨའ་ཀུད་ཀྱིས་རང་ཉིད་སྲུང་སྐྱོབ་ཆེད་ས་གནས་དཔོན་རིགས་ལ་གྲི་བཙུགས་ནས་ པགས་པར་རྨ་ཕྲན་བུ་བཟོས་པར་ རྐང་བཙུགས་ནས་མི་གསོད་པའི་ཉེས་བཙུགས་བྱེད་ཡས་དེ་ནི་དོན་དངོས་དང་རྩ་བ་ནས་མཐུན་གྱི་མེད་པའི་སྐོར་ཡང་འཁོད་ཡོད་འདུག ཁྲེན་ཀོང་ཁྲེང་ཕྱི་ཟླ་ལྔ་པའི་ཚེས་༡༩ཉིན་ཨ་རིའི་ནང་འབྱོར་ཡོད་པ་དང་ ད་ཆ་ཁོང་དམིགས་བསལ་གྱི་སློབ་ཕྲུག་གི་མིང་ཐོག་ནས་ ཨ་རིའི་ནིའུ་དབྱོག་སློབ་གྲ་ཆེན་མོའི་ནང་ཁྲིམས་ལུགས་སློབ་སྦྱོང་གནང་བཞིན་ཡིན་པ་རེད་