འཛམ་གླིང་ནང་རིན་གོང་ཁེ་ཤོས་ཀྱི་མོ་ཊ་ཚོང་འགྲེམས།
2009.07.17
༄༅༎འཛམ་གླིང་ནང་གི་མོ་ཊ་རིན་གོང་ཁེ་ཤོས་དེ་ཐེངས་དང་པོ་རྒྱ་གར་ནང་ཚོང་འགྲེམས་བྱ་རྒྱུ་འགོ་ཚུགས་ཡོད་པ་དང་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ལམ་ཐོག་འགྲིམས་འགྲུལ་ཡང་བྱེད་འགོ་ཚུགས་ཏེ་མོ་ཊའི་བཟོ་གྲྭ་དང་ཚོང་འགྲེམས་བྱེད་མཁན་ཚོར་རྒྱ་གར་མི་དམངས་ས་ཡ་མང་པོས་ཉོ་སྒྲུབ་བྱ་རྒྱུའི་རེ་བ་གསར་པ་ཞིག་སྐྲུན་བཞིན་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་མོ་ཊའི་བཟོ་གྲྭ་ཊ་ཊ་གྱི་སྦྱིན་བདག་རཱ་ཏན་ཊ་ཊ་ཞུ་བས་འཛམ་གླིང་ནང་གི་མོ་ཊ་རིན་གོང་ཁེ་ཤོས་བཟོ་སྐྲུན་བྱས་ཏེ་མོ་ཊ་ཐོན་དང་པོ་དེ་རྒྱ་གར་གྱི་དབུས་ཚོང་ལས་གྲོང་ཁྱེར་མུམ་སྦའེ་ཡི་མོ་ཊའི་ཚོང་ལས་ཁང་དུ་སྐྱེལ་འདྲེན་བྱས་ཟིན་ཡོད་པའི་གནས་ཚུལ་ཐོན་པ་དང་ཡིན་ནའང་མོ་ཊའི་ལེགས་ཉེས་དང་བཟོ་སྐྲུན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་ལྟ་ཐོན་མེད་པ་རེད། ཡིན་ནའང་གནས་ཚུལ་དབྱེ་ཞིབ་པ་ཚོས་གསུངས་ན་རིན་གོང་ཁེ་བའི་མོ་ཊ་ཁྲོམས་རའི་ཐོག་བཏོན་ཐུབ་པ་དེ་ནི་བཟང་ཕྱོགས་ཀྱི་འཕེལ་རྒྱས་ཤིག་ཡིན་པ་མ་ཟད་ལྷག་པར་དུ་དེས་ད་ཆ་རྒྱ་གར་གྱི་ཐོན་སྐྱེད་རང་ཉིད་ཀྱི་ལག་ཏུ་ཡོད་པ་ཞིག་དང་རང་ཉིད་ཀྱི་བཟོ་སྐྲུན་ཐུབ་ཀྱི་ཡོད་པའི་བཟང་ཕྱོགས་འཕེལ་རིམ་ཞིག་ཡིན་པ་གསུངས་ཀྱི་ཡོད་པ་རེད། རྒྱ་གར་གྱིས་བཟོ་སྐྲུན་བྱས་པའི་མོ་ཊ་དེའི་རིན་གོང་ནི་རྒྱ་གར་གྱི་སྒོར་མོ་འབུམ་གཅིག་དང་ཨ་རིའི་ཌོ་ལར་གྱི་འཛའ་ཐང་བྱས་པ་ན་ཌོ་ལར་ཉིས་སྟོང་བརྒྱ་མེད་ལྔ་བཅུ་ང་ལྔ་ལས་ཐོབ་ཀྱི་མེད་ཅིང་མི་དམངས་འཚོ་བའི་གནས་སྟངས་སྐྱོ་བ་ཚོས་ཀྱང་ཉོ་སྒྲུབ་ཐུབ་པ་ཞིག་ཡིན་པ་དང་ད་དུང་མོ་ཊ་དེ་མངའ་ཉོ་བྱེད་མཁན་གྱི་གྲས་སུ་ལོ་ན་༨༢ཡིན་པ་དང་དེ་སྔ་གྲོང་ཁྱེར་མུམ་སྦའེ་ཡི་ཉེན་རྟོག་དཔོན་རིགས་གནང་མྱོང་མཁན་དང་གཞན་ཡང་ལོ་ན་༩༠གོ་གྲངས་ལ་སླེབས་པའི་རྒྱ་གར་གྱི་བུད་མེད་གསར་འགོད་པ་དང་པོ་ཧོ་མི་ལྦ་ཡ་ར་ལྦ་ལ་སོགས་མི་མངས་འབུམ་གཉིས་ལྷག་ཡོད་པ་རེད།