རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་དབུ་བླ་ཡང་ལེ་ཤོད་ནས་སྐུ་གཤེགས་པ།
2016.01.05
རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་དབུ་བླ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ་མཆོག་དགུང་ལོ་བརྒྱ་དང་བཞིའི་ཐོག་གཟིམ་ཁང་ནས་སྐུ་གཤེགས་པ། དེའི་སྐོར་ང་ཚོའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
དེ་ཡང་སྤྱི་ལོ་༢༠༡༥ལོའི་ཕྱི་ཟླ་༡༢ཚེས་༣༠རེས་གཟའ་ལྷག་པའི་ཉིན་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ་མཆོག་བལ་ཡུལ་གྱི་ཡང་ལེ་ཤོད་ཀྱི་གཟིམ་ཤག་ནང་དགོངས་པ་ཆོས་དབྱིངས་སུ་འཐིམས་ཚུལ་བསྟན་གནང་ཡོད་པ་དང་། དེ་རིང་ཐུགས་དམ་གྲོལ་ནས་དད་ལྡན་གདུལ་བྱ་ཡོངས་ལ་དགོངས་པ་རྫོགས་པ་ཕྱི་བསྒྲགས་བྱས་འདུག
འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། བྱ་བྲལ་རིན་པོ་ཆེ་མཆོག་ལ་དམིགས་བསལ་གྱི་སྙུང་གཞི་གང་ཡང་མེད་པར་སྐུ་ཞི་བར་གཤེགས་ཡོད་པ་མ་ཟད། ཐུགས་དམ་དུ་བཞུགས་ཡོད་སྟབས་བདུན་ཕྲག་གཅིག་རིང་གསང་བ་བྱས་ནས་ཕྱིར་བསྒྲགས་གནང་མེད་པ་དང་། སྤྱི་ལོ་༢༠༡༦སྤྱི་ཟླ་༡ཚེས༧ནས་ཉིན་ཤག་ཞེ་དགུའི་རིང་དད་ལྡན་སེར་སྐྱ་མང་ཚོགས་ལ་སྐུ་གདུང་མཇལ་ཁ་གཏོང་གནང་རྒྱུ་ཡིན་འདུག
ྋསྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་ནི། ཕྱི་ལོ་༡༩༡༣ལོའི་ ཟླ་༦ཚེས་༡༨ཉིན་དཀར་མཛེས་ཁུལ་ཉག་རོང་དུ། ཡབ་པདྨ་དོན་གྲུབ་དང། ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ད་ལོ་བོད་ལུགས་ལྟར་དགུང་གྲངས་ ༡༠༤ ལ་ཕེབས་ཡོད་པ་རེད་། རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་རིང་ལ་། རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་བཞི་བཅུ་ལྷག་གི་ཞབས་ལ་གཏུགས་ནས་གདམས་ངག་མང་པོར་གསན་བསམ་མཛད་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་དབུ་བླ་མཛད་པ་སོགས་གདུལ་བྱ་དྲག་ཞན་ཕོ་མོ་མང་པོའི་རྒྱུད་ལ་རྣམ་དཀར་དགེ་བའི་ལས་ཀྱི་ས་བོན་བཏབ་གནང་ཡོད་པ་རེད་།
སྤྱི་ལོ་༡༩༥༩ལོར་བོད་ས་ཡོངས་སུ་དུས་འགྱུར་བྱུང་བའི་རྗེས། རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་མུ་མཐུད་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་མཛད་པ་རྒྱ་ཆེན་པོ་བསྐྱངས་ཡོད་པ་མ་ཟད། ལོ་ལྟར་རྒྱུ་དངོས་ཡོད་ཚད་ཉ་དང་རྭ་ལུག་སོགས་ཉམས་ཆུང་སེམས་ཅན་འབུམ་ཕྲག་མང་པོའི་སྲོག་བླུ་ཚེ་ཐར་ཆེད་རྒྱུ་དངོས་ཡོངས་རྫོགས་གཏོང་གནང་མཛད་པའི་ཁར་། སྐུ་ཚེའི་རིང་དམར་ཟས་གཏན་ནས་མི་མཆོད་ཅིང་། གདུལ་བྱ་གཞན་དག་ལའང་སྲོག་གཅོད་པ་དང་། དམར་ཟས་བསྟེན་པའི་ཉེས་དམིགས་ཀྱི་སྐོར་ལ་བཀའ་སློབ་དང་ལྗགས་རྩོམ་མཛད་པ་སོགས་སྐུ་ཚེ་ཧྲིལ་པོ་འདོད་ཆུང་ཆོག་ཤེས་དང་རྣལ་འབྱོར་གྱི་སྤྱོད་པ་ཁོ་ནས་འགྲོ་དོན་མཛད་ཡོད་པ་རེད།
གསར་འགོད་པ་གཡུ་སྒྲོན།