བོད་ཆབ་མདོའི་རཏྣ་དགོན་གྱི་གྲ་ཀརྨ་རབ་བརྟན་འཛིན་བཟུང༌།
2012.06.15
༄༅༎འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་ངོ་སྤྲོད་གནང་བའི་ནང༌། ཆབ་མདོ་རཏྣ་དགོན་པའི་དགེ་འདུན་པ་ཀརྨ་རབ་བརྟན་ལགས་ཀྱིས་བོད་ཟླ་བཞི་པའི་ཚེས་༡༦ ཕྱི་ཟླ་དྲུག་པའི་ཚེས་༦ རེས་གཟའ་མིག་དམར་གྱི་ཉིན་གུང་ཙམ་ལ་ཆབ་མདོ་རྫོང་སྲིད་གཞུང་མདུན་དུ་བསྐྱོད་དེ། ངོ་རྒོལ་སྐད་འབོད་བྱས་པ་བརྟེན་ནས། འཕྲལ་དུ་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་དང༌། ད་ལྟའི་ཆར་ཁོང་གང་དུ་དོ་དམ་བྱས་ཡོད་མེད་དང༌། གནས་སྟངས་ཇི་ལྟར་ཡོད་མེད་སོགས་ཀྱི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད་པ་མ་ཟད། ཁོང་གིས་ངོ་རྒོལ་གནང་སའི་ས་གནས་དེའི་ཁུལ་དང༌། དགོན་པ་སོགས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེན་པོ་བྱས་ཏེ། སྤྱིར་བཏང་གི་འགྲིམས་འགྲུལ་སོགས་ལའང་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།