ཨ་རིས་བོད་མིར་དམག་སྦྱོང་སྤྲད་པའི་དྲན་གསོའི་མཛད་སྒོ།
2010.09.11
༄༅༎ཨ་མི་རི་ཀའི་བྱང་ཕྱོགས་མངའ་སྡེ་ཀོ་ལོ་རེ་ཌོའི་ནང་གི་ཀེམ་ཧེལ་ཟེར་བ་དེ་སྔོན་ལོ་རབས་ལྔ་བཅུ་དང་དྲུག་བཅུ་རེ་གྲངས་ཀྱི་ནང་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་ཁག་གཅིག་ལ་ཇབ་དམག་གི་སྦྱོང་བརྡར་སྤྲད་ཡུལ་ས་གནས་དེར་ ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་མཀ་ཡུ་ཌོལ་གྱིས་གཙོ་འཁྲིད་གནང་སྟེ་ བོད་མི་ཚོར་དམག་སྦྱོང་སྤྲད་པའི་གནས་ཚུལ་ལ་དྲན་གསོ་བྱས་པའི་མཛད་སྒོ་ཞིག་ཁ་སང་ཕྱི་ཟླ་༩ཚེས་༡༠ཉིན་ཚུགས་ཡོད་པ་རེད།
ཁེམ་ཧེལ་ཟེར་བའི་ས་གནས་དེར་དེ་སྔོན་དམག་ཆེན་གཉིས་པའི་སྐབས་ཨ་རིའི་རི་རྒྱུད་ཀྱི་དམག་དཔུང་སྡེ་ཤོག་ཨང་བཅུ་པར་སྦྱོང་བརྡར་སྤྲད་ས་བྱས་ཡོད་པ་དང་ དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་རྗེས་དམག་མིའི་སྡོད་སྒར་དེ་བེད་མེད་དུ་ལྷག་ཡོད་ཅིང་ འོན་ཀྱང་ས་གནས་དེའི་ས་མཐོའི་གནས་སྟངས་འདི་བོད་ཀྱི་ས་མཐོའི་རང་བཞིན་གྱི་བབས་དང་མཐུན་པར་བརྟེན་ ཕྱི་ལོ་༡༩༥༠འི་ནང་དང་དྲུག་བཅུ་རེ་གྲངས་ཀྱི་བར་བོད་མི་གསུམ་བརྒྱ་ཙམ་ལ་ཇབ་དམག་གི་སྦྱོང་བརྡར་སྤྲོད་ཡུལ་དུ་བེད་སྤྱོད་བྱས་ཡོད་པ་རེད།
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་ཚོར་དམག་སྦྱོང་སྤྲད་པའི་གནས་ཚུལ་དེ་གཞི་རྐང་ཡོངས་གྲགས་བྱས་ཟིན་པ་ཡིན་ན་ཡང་ མངོན་གསལ་དོད་པོའི་ཐོག་ནས་བོད་མི་ཚོར་སྦྱོང་བརྡར་སྤྲད་པ་ངོས་འཛིན་བྱས་པར་མ་ཟད་ དེའི་དྲན་གསོ་བྱས་པ་དེ་ནི་ད་རེས་ཐོག་མ་དེ་ཡིན་པ་རེད།།