དེ་སྔའི་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་དེ་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་དུ་བསྐོས་འདུག

2022.11.01
དེ་སྔའི་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་དེ་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་དུ་བསྐོས་འདུག རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་དུ་བསྐོ་གཞག་བྱས་པ་(Shi Taifeng石泰峰)
Chinese State Media

དེ་ཡང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་དྲྭ་རྒྱའི་སྟེང་ཟླ་༡༠པའི་ཚེས་༢༧ ཉིན་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་རུ་གསར་དུ་བདམས་པའི་ཧྲི་ཐེ་ཧྥུང་(Shi Taifeng石泰峰)་ཟེར་བ་དེ་དབུས་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་དུ་བསྐོ་གཞག་བྱས་ལུགས་བཀོད་འདུག
དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པའི་སྐབས། དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༢༤འི་ཁོངས་སུ་ཚུད་མ་ཐག་པའི་ཧྲི་ཐེ་ཧྥུང་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་དུ་བསྐོ་གཞག་བྱས་པ་དང་། ཞི་ཅིན་ཕིང་གི་མི་དོན་གོ་སྒྲིག་བྱེད་ཕྱོགས་དེ་རྒྱུན་ལྡན་གྱི་དཔོན་རིགས་བསྐོ་གཞག་གི་རྣམ་གཞག་དང་མི་མཐུན་པ་ཆགས་པ་མ་ཟད། འཐབ་ཕྱོགས་གཅིག་གྱུར་དེ་དབུས་དམར་ཤོག་ཚོགས་པའི་དབང་ཆའི་དཀྱིལ་འཁོར་དུ་མངོན་གསལ་དོད་པོས་གོ་ས་མཐོ་རུ་བཏང་ཡོད། དེའི་སྟབས་ཀྱིས་དེར་ཕྱི་ཕྱོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་པ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཞི་ཅིན་ཕིན་གྱིས་ལོ་ཤས་གོང་ནས་མི་རིགས་དང་ཆོས་ལུགས་དང་འབྲེལ་བའི་ལས་དོན་མཐའ་དག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་ཁོངས་སུ་བཅུག་ནས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་ནུས་ཤུགས་ཇེ་ཆེར་བཏང་པ་རེད། ལྷག་པར་ད་རེས་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་དང་དམར་ཤོག་དྲུང་ཆེ་ལྷན་ཁང་གི་དྲུང་ཆེའི་གོ་གནས་ཅན་ཞིག་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་དུ་བསྐོ་གཞག་བྱས་པ་དེས་མ་འོངས་པར་ཞི་ཅིན་ཕིན་གྱིས་བོད་སོགས་གྲངས་ཉུང་མི་རིགས་ཀྱི་ལས་དོན་ལ་གོམ་གང་མདུན་སྤོས་ཀྱིས་དམ་དྲག་བྱེད་རྒྱུ་ཡིན་པ་གསལ་བོ་མཚོན་པར་ངོས་འཛིན་གནང་འདུག
རྒྱ་ནག་དམར་ཤོག་གཞུང་གི་སྔར་སྲོལ་ལ་གཞིགས་ན། དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་མང་ཆེ་བ་དབུས་འཐུས་མི་༢༠༥ཡི་ཁོངས་ནས་བསྐོ་གཞག་བྱེད་པ་ལས། དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མིའི་ཁོངས་ནས་བསྐོ་གཞག་བྱས་པ་ཉུང་ཉུང་ཡིན། ༡༩༤༩ནས་ཧྲི་ཐེ་ཧྥུང་གི་བར་དུ་དབུས་ཆབ་སྲིད་འཐུས་མི་ཡིན་པ་ཝུ་ལན་ཧྥུ་དང་སུན་ཁྲོན་ལན་གཉིས་ལས་མེད་ཅིང་། དེ་མིན་ཧྲི་ཐེ་ཧྥུང་ནི་རྒྱ་ནག་དྲུང་ཆེ་ལྷན་ཁང་གི་དྲུང་ཆེ་ཨང་གཉིས་པ་དེ་ཡིན་ཞིང་། དྲུང་ཆེ་ཨང་དང་པོ་ནི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཚེ་ཆི་ཡིན།
ཞིན་ཐང་རིན་གསར་ལས་ཁང་གི་གནས་ཚུལ་ལྟར་ན། དབུས་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་ནི། རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་འཛིན་སྐྱོང་བྱེད་མཁན་ཚན་ཁག་ནུས་ཤུགས་ཅན་དེ་ཡིན་ལ། རྒྱ་ནག་དམར་ཤོག་གཞུང་གི་གསང་མྱུལ་བའི་ཚན་ཁག་ཆེ་ཤོས་དེའང་ཡིན། འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་ལས་ཀ་དེ་རྒྱལ་ཁབ་བདེ་འཇགས་དང་དམག་དཔུང་གི་གསང་བའི་མ་ལག་སོགས་དང་མི་འདྲ་བར། འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གིས་གཙོ་བོ་ཕྱིའི་སྤྱི་ཚོགས་སུ་གསང་མྱུལ་བའི་དྲ་བའི་མ་ལག་བཟོ་སྤེལ་བྱེད་བཞིན་ཡོད། དཔེར་ན། རྒྱལ་ཁབ་གཞན་དག་གི་སྤྱི་ཚོགས་དང་དཔལ་འབྱོར། ཚན་རིག་ལག་རྩལ། ཆབ་སྲིད་སོགས་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་ཀྱིན་ཡོད།
དེ་འདྲ་ཡིན་དུས། སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཀྱིས་གསུངས་ན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་ཁྱབ་ཁོངས་དེ་རྒྱ་ནག་དམར་ཤོག་གཞུང་གི་དབང་སྒྱུར་འོག་ཡོད་པའི་བོད་སོགས་གྲངས་ཉུང་མི་རིགས་ཙམ་མ་ཡིན་པར། ཕྱིའི་རང་དབང་རྒྱལ་ཁབ་ཁག་ན་འཚོ་ཞིང་གནས་པའི་བོད་དང་ཡུ་གུར་བ། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཚང་མར་ལྟ་རྟོག་དང་དེ་མིན་རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་ལ་ཤུགས་རྐྱེན་སྤྲོད་མཁན་ཀྱི་ནུས་ལྡན་མ་ལག་ཅིག་ཀྱང་ཆགས་ཡོད་པ་གསུང་བྱུང་།
ཡོངས་ཁྱབ་ཏུ་མཐོང་རྒྱུ་ཡོད་པའི་ཡིག་ཆར་གཞིགས་ན། ཧྲི་ཐེ་ཧྥུང་ནི་༡༩༥༦ལོར་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་དུ་སྐྱེས་ཤིང་། ལོ་མང་རིང་དབུས་ཏང་གི་སློབ་གྲྭར་གོ་གནས་ཁུར་བ་དང་། ལྷག་པར་དུ་༢༠༠༧ནས་༢༠༡༢བར་ཞི་ཅིན་ཕིན་ཏང་གི་སློབ་གྲྭའི་སློབ་སྤྱི་ཡིན་དུས་ཧྲི་ཐེ་ཧྥུང་སློབ་སྤྱི་གཞོན་པ་ཡིན། དེ་མིན་ཧྲི་ཐེ་ཧྥུང་གིས་ཉིན་ཞཱ་ཁ་ཆེ་རང་སྐྱོང་ལྗོངས་དང་ནང་སོག་རང་སྐྱོང་ལྗོངས་སུ་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་མྱོང་བ་དང་། ད་ལོའི་ལོ་སྟོད་དུ་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱས་འདུག
ཧྲི་ཐེ་ཧྥུང་(Shi Taifeng)་དེ་སྔ་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཡིན་དུས། ཞི་ཅིན་ཕིན་གྱི་བཀའ་བཀོད་ལག་ལེན་དུ་བསྟར་ནས་འདས་ཟིན་པའི་མི་ལོ་༢༠འི་རིང་གི་རུལ་སུངས་རིགས་བསྐྱར་དུ་སློག་ནས་ལྐོག་ཟ་ལྐོག་རྔན་མཁན་མང་པོ་ཞིག་ལ་ཉེས་ཆད་བཅད་པ་དང་། ད་དུང་ཧྲི་ཐེ་ཧྥུང་གིས་ནང་སོག་རང་སྐྱོང་ལྗོངས་སུ་རྒྱ་ཡིག་རྒྱ་སྐད་ཀྱི་སློབ་གསོའི་སྲིད་ཇུས་སྤེལ་ནས་ནང་སོག་གི་སློབ་གྲྭ་ཆུང་འབྲིང་ཚང་མར་སོག་ཡིག་སོག་སྐད་ཀྱི་སློབ་ཁྲིད་བྱེད་རྒྱུ་མེད་པར་བཏང་སྟབས། ནང་སོག་མི་དམངས་ཀྱིས་གཞི་རྒྱ་ཆེན་པོས་ངོ་རྒོལ་བྱས་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎