ཏང་གི་ཚོགས་ཆེན་འཚོགས་ལ་ཉེ་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ངོ་རྒོལ་བྱས་འདུག

2022.10.13
ཏང་གི་ཚོགས་ཆེན་འཚོགས་ལ་ཉེ་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ངོ་རྒོལ་བྱས་འདུག ཏང་གི་ཚོགས་ཆེན་འཚོགས་ལ་ཉེ་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ངོ་རྒོལ་བྱུང་སྐབས། ༡༠།༡༣།༢༠༢༢
སྤྱི་ཚོགས་དྲ་ལམ།

རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་འཚོག་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཞི་ཅིན་ཕིང་དང་དམར་ཤོག་ཚོགས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཕྱི་ཟླ་༡༠བའི་ཚེས་༡༦ཉིན་འཚོགས་ལ་ཉེ་བའི་སྐབས་འདིར། གཟའ་ཕུར་བུ་འདི་ཚེས་༡༣ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་འཁྲུག་ཆ་དོད་པའི་ས་ཁུལ་ཧའེ་ཏེན་ཟེར་བའི་སི་ཐུང་ཟམ་ཆེན་གི་ཐོག་རས་གཞི་དཀར་པོའི་སྟེང་སྣག་ཚ་དམར་པོས་བྲིས་པའི་འཕྲེད་དར་མི་འདྲ་བ་ཁག་གཉིས་དཔྱང་སྟེ། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གནས་དབྱུང་གཏོང་དགོས་པ་དང་། སྤྱི་ཚོགས་དཀའ་ངལ་དང་འབྲེལ་བའི་མི་དགོས་པ་ལྔའི་འབོད་ཚིག་བཀོད་དེ་ངོ་རྒོལ་བྱས་འདུག
འཕྲེད་དར་རིང་ཐུང་གཉིས་དཔྱང་པའི་ནང་ནས་རིང་བ་དེའི་ཐོག ལྟོ་ཆས་དགོས་པ་ལས་ཏོག་དབྱིབས་སྙིང་བསྐྱུར་བརྟག་དཔྱད་མི་དགོས། རང་དབང་དགོས་པ་ལས་བཀག་སྡོམ་སྟངས་འཛིན་མི་དགོས། ལ་རྒྱ་ཆེ་མཐོང་དགོས་པ་ལས་རྫུན་གཏམ་མི་དགོས། བཅོས་བསྒྱུར་དགོས་པ་ལས་རིག་གནས་གསར་བརྗེ་མི་དགོས། སྤྱི་འབངས་བྱེད་འདོད་པ་ལས་གཡོག་པོ་མི་བྱེད་ཞེས་པའི་ངོ་རྒོལ་གྱི་བརྗོད་ཚིག་བཀོད་འདུག་པ་དང་། ཡང་ཕྲེད་དར་ཆུང་བའི་སྟེང་། སློབ་མཚམས་དང་ལས་མཚམས་བཞག་དེ་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་འཚོང་ནང་རུལ་པ་ཞི་ཅིང་ཕིང་གནས་དབྱུང་གཏོང་དགོས་ཞེས་བཀོད་པ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ནས་ཐོན་པའི་འདྲ་པར་ཁག་གི་ནང་མཐོང་རྒྱུ་འདུག
དྲ་ལམ་དུ་འཕྲེད་དར་དེ་དག་གི་འདྲ་པར་ཙམ་མ་ཟད། ཟམ་པའི་སྟེང་དུར་བ་འཕྱུར་བཞིན་པ་འགྲེལ་བཤད་མེད་པའི་བརྙན་པར་ཞིག་ཀྱང་ཐོན་འདུག་ལ། དེ་བཞིན་ཉེན་རྟོག་མི་སྣ་འགའ་ཤས་དང་ཉེན་རྟོག་མི་སྣའི་མོ་ཊ་ཡོད་པའི་ཐོག ཉེན་རྟོག་པ་དེ་དག་གིས་འཕྲེད་དར་ཕྱིར་བསྡུ་བྱེད་བཞིན་པའི་བརྙན་པར་ཡང་མཐོང་རྒྱུ་འདུག

BJ protest 2.jfif
གནས་ཚུལ་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་ཐོན་རྗེས། པེ་ཅིང་ནང་བཅའ་སྡོད་(BBC)་དང་། (AP)་ཨེ་པི་ལ་སོགས་པའི་གསར་འགོད་པ་ས་གནས་དེར་ཕྱིན་འདུག་ལ། (BBC)་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཁོང་ཚོ་ས་ཁུལ་དེར་སླེབས་དུས་ཉེན་རྟོག་པ་མང་པོ་ཡོད་པ་ལས་དུར་བ་ཕྱུར་བ་དང་དེ་མིན་ངོ་རྒོལ་བྱུང་བའི་རྣམ་པ་མེད་པར་བཟོས་འདུག་པ་བཀོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠འཚོག་ལ་ཉེ་བ་ཡིན་སྟབས། གྲོང་ཁྱེར་ནང་དམ་དྲག་ལྟ་སྲུང་ཧ་ཅང་ནན་པོ་བྱེད་བཞིན་ཡོད་མིན་ལ་མ་བལྟོས་པར་འདི་ལྟ་བུའི་ངོ་རྒོལ་གྱི་གནས་ཚུལ་བྱུང་བ་ནི་དོ་སྣང་བྱེད་འོས་པའི་རང་བཞིན་ཞིག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་འདུག་ལ་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཁག་མང་པོས་དོ་སྣང་དང་བཅས་གནས་ཚུལ་སྤེལ་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠པའི་གནད་དོན་སྤྱི་དང་། ལྷག་པར་དུ་ཞི་ཅིན་ཕིང་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དུ་ད་དུང་ལོ་ལྔ་མུ་མཐུད་དུ་གནས་རྒྱུའི་གནད་དོན་ཐད། གསར་འགྱུར་འགོད་སྤེལ་དང་དཔྱད་གཏམ་སོགས་ཤུགས་ཆེ་བྱེད་བཞིན་འདུག
རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་༢༠པ་དེ་ཕྱི་ཟླ་༡༠ཚེས་༡༦གཟའ་ཉི་མ་ནས་ཉིན་གྲངས་བཅུའི་རིང་ཚོགས་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ། ཚེ་བརྟན་རྡོ་རྗེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎