རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་ཞིག་ལ་ཁྲིམས་ཐག་བཅད་འདུག

2023.06.27
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་ཞིག་ལ་ཁྲིམས་ཐག་བཅད་འདུག རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་ནང་ཡོངས་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྒྱ་རིགས་(Xie Wenfei)
མཐུན་འགྱུར་པར་རིས། Provided photo

རྒྱ་རིགས་(Xie Wenfei)་ནི་རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་ནང་ཡོངས་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་དང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱ་མཁན་ཞིག་ཡིན་པ་དང་། ཕྱི་ཚེས་༢༦ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ནག་ཉེས་ཁ་གསལ་མེད་པར་ཁོ་བོ་འཛིན་བཟུང་གིས་ཡུན་རིང་དོ་དམ་བཀག་ཉར་བྱས་པའི་རྗེས། མཐར་ཧུའུ་ནན་ཞིང་ཆེན་གྱི་(Chenzhou)་ས་གནས་ཀྱི་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བརྒྱུད་ཁོ་པར་སྤྱི་ཚོགས་ཁྲོད་འཁྲུག་རྩོད་དང་རྙོག་དྲ་སློང་བའི་ཉེས་མིང་འོག་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཁོ་པའི་སྤུན་མཆེད་ཀྱིས་བརྗོད་འདུག་ལ། ཁྲིམས་བཤེར་གྱི་དུས་ཚེས་ཡང་གསལ་ཁ་མེད་པ་མ་ཟད། གསང་བའི་ཁྲིམས་བཤེར་སྐབས་ཁོང་གི་ནང་མི་སྤུན་ཉེ་སོགས་སུ་གང་ཞིག་ཁྲིམས་ཁང་དུ་ངོ་བཅར་བྱེད་བཅུག་མེད་པ་རེད་འདུག
གནས་ཚུལ་ནང་། ཐོབ་ཐང་རྩོད་ལེན་པ་(Xie Wenfei)་ཞུ་བ་དེ་༢༠༢༠ལོའི་ཕྱི་ཟླ་༤པའི་ཚེས་༢༩ཉིན་(Hunan) ཞིང་ཆེན་གྱི་(Chenzhou) གྲོང་ཁྱེར་ནང་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་བཟུང་ཁོ་པའི་ནང་མི་དང་ཁྲིམས་རྩོད་པ་སོགས་དང་འབྲེལ་གཏུགས་བྱེད་དུ་བཅུག་མེད་པ་རེད།
ཁོང་གི་སྤུན་མཆེད་(Xie Fengchun)་གྱིས། (Xie Wenfei)་གྱིས་བཙོན་ཁང་ནས་སྐད་འཕྲིན་བརྒྱུད་ཁ་པར་འབྱོར་སྐབས། ཁོང་ལ་ཁྲིམས་ཐག་བཅད་ཟིན་པ་དང་༢༠༢༤ལོའི་ཕྱི་ཟླ་༡༠པའི་ཚེས་༣༠ཉིན་གློད་གྲོལ་བྱུང་སྲིད་པ་བརྗོད་བྱུང་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད་པ་རེད།
(Xie Wenfei)་གྱི་ངོ་ཤེས་གྲོགས་པོ་ཚོས་བརྗོད་དོན་ལྟར་ན། (Xie Wenfei)་ཐོག་མར་འཛིན་བཟུང་བྱས་པ་དེ། ཁོང་གིས་ཝུའུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་ཡམས་ཐོག་མར་འགོས་ཁྱབ་སྐབས་ཀྱི་གནས་སྟངས་རྩོམ་ཡིག་བྲིས་བའི་རྒྱུ་མཚན་ལ་ཐུག་ཡོད་པ་མ་ཟད། དེ་སྔོན་༢༠༡༤ལོར་ཧོང་ཀོང་ནང་དམངས་གཙོའི་རང་དབང་འཐབ་རྩོད་ཀྱི་ཉི་གདུགས་ཀྱི་ལས་འགུལ་ཐོན་པའི་སྐབས། ཁོ་པས་ལས་འགུལ་དེ་ལ་རྒྱབ་སྐྱོར་མཚོན་ཆེད་སྟོད་ཐུང་ནག་པོ་གྱོན་ནས་གྱེན་ལངས་ཀྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་དོ་དམ་བཀག་ཉར་ཡང་བྱས་ཡོད་པ་བརྗོད་འདུག
གནས་ཚུལ་ནང་། ད་རེས་ཁོང་ལ་ཁྲིམས་ཐག་བཅད་པ་དང་མཉམ་ཁོང་ཧུའུ་ནན་ཞིང་ཆེན་གྱི་(Chisan)་ཞེས་པའི་ཆབ་སྲིད་བཙོན་པ་གྲགས་ཅན་མང་པོ་ཡོད་སའི་བཙོན་ཁང་ནང་བཙོན་འཇུག་བྱ་ངེས་ཡིན་པ་བྲིས་འདུག


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎