ཁེ་ན་ཌ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཀལ་བ་ལག་བསྟར་བྱེད་རྒྱུ་ཡིན་འདུག
དེ་ཡང་འདི་ཚེས་༡༠རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་(Global Affairs Canada)་ཞེས་ཁེ་ན་ཌ་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་དཔལ་འབྱོར་ཐབས་ཇུས་སྒྲིག་གཞིའི་འོག རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་མཁན་མཐོ་རིམ་དཔོན་རིགས་ཟུར་བ་དང་། ད་ལྟའི་མཐོ་རིམ་དཔོན་རིགས་བཅས་མི་བརྒྱད་ལ་དཔལ་འབྱོར་སོགས་བཀག་སྡོམ་ཉེས་ཆད་བཀལ་ཡོད་པ་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་(Mélanie Joly)་ཡིས་གསལ་བསྒྲགས་གནང་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས་སུ་འདྲི་རྩད་ཞུས་སྐབས་མགྲིན་ཚབ་པ་(Charlotte MacLeod)་ལགས་ཀྱིས་སྤྱི་ཚེས་༡༡ཉིན་ཡིག་ཐོག་ནས་ལན་འདེབས་གནང་བའི་ནང་། ཁེ་ན་ཌའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་དོགས་གཞི་ཡོད་པའི་གནད་དོན་ཐད་ཚད་མཐོའི་བརྟག་དཔྱད་ཀྱི་ལས་རིམ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། དེ་ཡང་ཁེ་ན་ཌས་ཡིད་ཆེས་བློས་འགེལ་ཆོག་པའི་གནས་ཚུལ་ཡོང་ཁུངས་ལ་དཔྱད་ཞིབ་བྱས་པ་བརྒྱུད། རྒྱ་ནག་གི་དཔོན་རིགས་བརྒྱད་པོ་དེ་དག་གིས་བོད་དང་ཤིན་ཅང་སོགས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་དང་། དེ་བཞིན་ཧྥ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་གྱི་ཆོས་ལུགས་གྲངས་ཉུང་གི་ཚོགས་སྡེ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་དད་མོས་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་པར་ཡིད་ཆེས་བྱེད་ཆོག་པའི་རྒྱུ་མཚན་ར་སྤྲོད་བྱུང་ཡོད་ཅེས་དང་། ཁེ་ན་ཌའི་ངོས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་བཏང་བའི་གནད་དོན་ལ་མུ་མཐུད་དུ་སེམས་འཚབ་བྱེད་བཞིན་ཡོད་པ་ལ། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་བརྒྱུད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་འཁུར་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་འཁོད་འདུག
དེ་བཞིན་ཁོང་གིས་དཔལ་འབྱོར་སོགས་བཀག་སྡོམ་ཉེས་ཆད་ལ་རྒྱབ་འགལ་བྱས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ཞིང་། ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁེ་ན་ཌའི་རྒྱལ་མཚམས་ཞབས་ཞུ་ཁང་དང་ཁེ་ན་ཌའི་རྒྱལ་བརྒྱུད་ཀྱི་ཉེན་རྟོག་ཁང་བཅས་མཉམ་ལས་འོག་བཀག་སྡོམ་ཉེས་ཆད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་རྟོག་དང་ལག་བསྟར་བྱེད་རྒྱུ་ཡིན་པ་གསུང་འདུག
གོང་ཞུས་ཉེས་ཆད་བཀལ་སའི་རྒྱ་ནག་གི་དཔོན་རིགས་བརྒྱད་ཀྱི་མིང་བཏོན་ཡོད་པའི་ཁོངས་སུ། དེ་སྔ་ཤིན་ཅང་མངའ་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་མྱོང་མཁན་(Chen Quanguo)་དང་། བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་གནང་མྱོང་མཁན་(Wu Yingjie)་གཉིས་ཡོད་པ་རེད།
རྒྱ་ནག་གི་གསར་ལམ་ཁག་ནང་(Wu Yingjie)་དང་འབྲེལ་བའི་གནས་ཚུལ་ཐོན་པ་ལྟར་ན། སྤྱི་ཟླ་༡༢ ཚེས་༡༡ཉིན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝུའུ་དབྱིང་ཇེ་(Wu Yingjie)་ཟེར་བར། འདི་ལོའི་ཕྱི་ཟླ་༦་པ་ནས་བཟུང་ཞིབ་བཤེར་བྱེད་བཞིན་པ་ལྟར། ཐེངས་འདིར་ཁོས་དམར་ཤོག་ཚོགས་པར་དད་སེམས་ཉམས་པ་དང་དམར་ཤོག་གི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་གི་ཆབ་སྲིད་ཁོར་ཡུག་ལ་གཏོར་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་འོག་ཝུའུ་དབྱིང་ཇེ་རྒྱ་ནག་དམར་ཤོག་ཚོགས་པའི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་བསྒྲགས་འདུག
ད་རེས་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་དཔལ་འབྱོར་གྱི་ཉེས་ཆད་བཀེལ་བའི་ནང་། ཁེ་ན་ཌའི་ནང་གི་ཁོང་ཚོའི་དངུལ་དངོས་ཐོག་སྟངས་འཛིན་དང་ཁང་པ་རིགས་ཉོ་ཚོང་བྱེད་མི་ཆོག་པའི་དམ་དྲག་གནང་རྒྱུ་ཡིན་འདུག
དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནིང་གིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གིས་ཉེས་ཆད་འགེལ་བའི་གནད་དོན་ཐད། ང་ཚོར་སྐྱོན་བརྗོད་བྱེད་རྒྱུའི་ཚབ་ཏུ་ཁེ་ན་ཌ་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞན་པོ་དང་དཀའ་ངལ་ཡོད་པ་དེ་དག་ཡོ་བསྲང་བྱེད་དགོས་ཀྱི་རེད། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཅེས་བརྗོད་འདུག
སྤྱིར་བཏང་འདས་པའི་དུས་ཡུན་གང་མཚམས་ཞིག་ནས་བཟུང་ཁེ་ན་ཌ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་པདྨ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།