ཀམ་སྦོ་ཌི་ཡའི་གྲོས་ཚོགས་འཐུས་མི་ནས་བོད་དོན་རྒྱབ་སྐྱོར།
2011.12.17
༄༅༎ཀམ་སྦོ་ཌི་ཡའི་གྲོས་ཚོགས་འཐུས་མི་གསུམ་གྱིས་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དམ་བསྒྲགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་འདུན་བཏོན་འདུག
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལམ་གྱི་རེ་འདུན་བཏོན་མཁན་ཀམ་སྦོ་ཌི་ཡའི་གྲོས་ཚོགས་འཐུས་མི་གསུམ་པོ་དེ་དག་ནི། སྐུ་ཞབས་སོན་ཆེ་དང་། སྐུ་ཞབས་ཆེམ་ཆེ་ནི། སྐུ་ཞབས་ཡོནཏ་ཐ་རོ་བཅས་ཡིན་འདུག་ཅིང༌། ཁོང་གསུམ་གྱི་མཚན་ཐོག་སྤྱི་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་ད་ཆ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་ཆགས་ཀྱི་ཡོད་པར་བརྟེན། དམ་བསྒྲགས་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་ཐོག་ བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་བ་དང་ཆབས་ཅིག ཉེ་ལམ་རང་ལོ་ ༣༥ ལ་སོན་པ་ནང་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་ཕྱིན་པ་དེ་ནི། འདི་ལོའི་ཕྱི་ཟླ་ ༣ ནས་བཟུང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་བཅུ་གཅིག་པ་དེ་ཆགས་ཡོད། རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་ནི་དེ་སྔ་བོད་མི་ཚོའི་ཁྲོད་བྱུང་མྱོང་མེད་པའི་འུ་ཐུག་གི་ཐབས་ལམ་ཞིག་ང་ཚོའི་མིག་མདུན་དུ་མཐོང་བཞིན་ཡོད། ལོ་ངོ་བཅུ་ཕྲག་རིང་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་འོག་དུས་རྟག་ཏུ་དཀའ་སྡུག་དང་གཉའ་གནོན། འཇིགས་སྣང། དྲག་རྩུབ་སོགས་ཀྱིས་འོག་དཀའ་སྡུག་ཚད་མེད་མྱངས་པའི་ཁར། ད་དུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་དགོས་ཐུག་པ་དེར་ང་ཚོས་བསམ་ཤེས་ཐུབ་པ་ཞིག་ཡིན། བོད་མི་ཚོར་ཡུལ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་མི་ཐུབ་པ་དང་། བཙོན་དུ་ལུས་ཚེ་མནར་གཅོད་ཚད་མེད་མྱོང་དགོས་པར་བརྟེན། ད་ཆ་ཁོང་ཚོས་རང་ལུས་མེར་སྲེག་གཏོང་རྒྱུ་དེ་བདམས་པ་རེད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་དེ་ཧ་ཅང་འ་ཆད་འུ་ཐུག་ཆགས་པའི་གནས་སྟངས་ཡིན་སྐོར་བཀའ་བསྩལ་ཡོད།
ཉེ་ལམ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་རང་ལུས་མེར་སྲེག་བཏང་བ་དེར་སྐྱོན་བརྗོད་བྱས་པ་མ་ཟད། བྱ་སྤྱོད་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བརྒྱུད་སྐུལ་བྱེད་ཀྱི་ཡོད་པའི་སྙོན་འཛུགས་བྱས་པ་ནི། རྒྱ་ནག་དཔོན་རིགས་ཚོས་འདས་པའི་བྱེད་ཕྱོགས་དང་སྲིད་བྱུས་ནོར་འཁྲུལ་བྱུང་བ་དེར་བསམ་ཞིབ་བྱ་རྒྱུའི་ཚབ་ཏུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་འཛུགས་ཞུས་པ་ཤིག་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་སྙོན་འཛུགས་ཀྱི་གཏམ་བཤད་དེ་དག་དང༌། བོད་མི་ཚོའི་ཐོག་དམ་བསྒྲགས་འཕྲལ་དུ་མཚམས་འཇོག་བྱས་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་དོན་དམ་གྱི་གྲོས་མོལ་ཡོང་རྒྱུའི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་གནས་ཚུལ་བཀོད་འདུག།