འབར་མའི་ནང་ཚབས་ཆེའི་བཤལ་སྐྱུག་གི་རིམས་ནད་ཐོན་བཞིན་པ།
2008.05.16
༄༅༎འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་རོགས་སྐྱོར་ལས་བྱེད་པས་བར་ལམ་འབར་མའི་ནང་ཆུ་ལོག་དང་རླུང་འཚུབ་དྲག་པོའི་གནོད་འཚེ་ཕོག་ཡུལ་གྱི་ས་ཁུལ་ནང་ཁོར་ཡུག་དང་འཐུང་ཆུ་གཙང་མ་མེད་པ་སོགས་ཀྱིས་རྐྱེན་པའི་ཚབས་ཆེའི་བཤལ་སྐྱུག་གི་རིམས་ནད་ཐོན་བཞིན་ཡོད་པ་དང་དེའི་བར་ཕྲུ་གུ་བརྒྱ་ཆ་༢༠ ལ་ཚབས་ཆེའི་བཤལ་ནད་ཀྱི་དཀའ་ངལ་ཐོག་ལྷུང་ཡོད་པའི་སྐོར་གསུང་ཡོད་པ་རེད།
འབར་མའི་ནང་རང་འབྱུང་གི་གནོད་འཚེ་དེས་རྐྱེན་པས་ད་ཆ་རོགས་རམ་ཚོགས་པ་རྣམས་ཀྱིས་གོད་ཆགས་ཕོག་ཡུལ་གྱི་མི་དམངས་ས་ཡ་གཉིས་ལ་སྨན་བཅོས་གལ་ཆེ་བའི་འབོད་སྐུལ་ཞུ་གི་ཡོད་པ་དང། མི་དམངས་ཁྲོད་བཤལ་སྐྱུག་གི་རིམས་ནད་ཁྱབ་གདལ་གྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཐའེ་ལཱེན་ནང་ཡོད་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྐུ་ཚབ་ནས་འབར་མའི་ནང་རང་འབྱུང་གི་གནོད་འཚེ་དེའི་འོག་བཤལ་སྐྱུག་གི་རིམས་ནད་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་མཁྱེན་རྟོགས་ཡོད་པའི་སྐོར་གསུང་ཡོད་པ་རེད། བཤལ་སྐྱུག་བྱེད་པའི་ཚབས་ཆེའི་རིམས་ནད་དེ་ནི་འཐུང་ཆུ་དང་འཁོར་ཡུག་གི་ཆུ་གཙང་མ་མེད་པར་བརྟེན་ནས་ནད་འབུ་ལས་བྱུང་བའི་རིམས་ནད་ཅིག་ཡིན་ཞིང། རིམས་ནད་དེ་ཡིས་ལུས་ཀྱི་ཆུ་ཡོངས་རྫོགས་སྐམ་ཏེ་ལུས་ཀྱི་ཤ་པགས་སྐམ་པོར་གྱུར་བ་དང་དུས་ཡུན་ཆུ་ཚོད་༢༤ ནང་ཚུད་ལ་སྨན་བཅོས་བྱེད་མ་ཐུབ་པ་ཡིན་ཚེ་མཐར་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད་པ་ཞིག་ཡིན་ཞིང་ ཡིན་ནའང་ཐའེ་ལཱེན་ནང་ཡོད་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྐུ་ཚབ་ སྦར་མིང་ཧེམ་ གྱིས་འབར་མའི་ནང་བཤལ་སྐྱུག་གི་རིམས་ནད་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་ཀྱང་ད་ལྟ་བར་རིམས་ནད་དེའི་འོག་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་མེད་ཀྱང་སྨན་བཅོས་ཀྱི་རོགས་རམ་གང་མགྱོགས་དགོས་གལ་ཆེན་པོ་ཡིན་པའི་སྐོར་གསུང་ཡོད་པ་རེད། འབར་མའི་དྲག་པོའི་གཞུང་གི་མགྲིན་ཚབ་པས་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་དེའི་ནང་ད་ལྟ་བར་མི་དམངས་རྐྱེན་འདས་སུ་ཕྱིན་པའམ་རྙེད་སོན་མ་བྱུང་བ་བདུན་ཁྲི་ཆིག་སྟོང་ལྷག་ཡོད་པ་དང་མི་དམངས་བརྒྱ་ཆ་གསུམ་ཙམ་ལ་ཛ་དྲག་གི་སྡོད་གནས་དང་འཐུང་ཆུ་གཙང་མ། སྨན་བཅོས། ཟ་འབྲུ་སོགས་འདེངས་ངེས་མེད་པས་གང་མགྱོགས་ཀྱི་རོགས་རམ་དགོས་གལ་ཆེ་བའི་སྐོར་གསུང་ཡོད་པ་རེད།