ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྒྱུ་རྩལ་སོགས་མི་ཉམས་རྒྱུན་འཛིན་ཆེད། རིག་གཞུང་གི་རྩིས་འགོའི་ནང་དངུལ་འབོར་ས་ཡ་ ༥༧ གཏན་འབེབས་གནང་བ།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དྲུག་པ་སྟེ། སྤྱི་ཟླ་ ༣ པའི་ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་གྲོས་ཚོགས་སུ་གཏན་འབེབས་བགྲོ་གླེང་གནང་བའི་ནང་། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ནས།ཆོས་རིག་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་དང་འབྲེལ་ཏེ་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་ལས་འཆར་ཞེས་པ་ལས། སྒྱུ་རྩལ་དང་རིག་གཞུང་གི་འོག་ལས་འཆར་ག་རེ་ཚུད་ཀྱི་ཡོད་མེད་འགྲེལ་བརྗོད་གནང་རོགས་ཀྱི་དྲི་བ་ཞུས་གནང་སོང་ལ།
ཆོས་རིག་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས་བཀུར་འོས་སྤྱི་འཐུས་ནས་རིག་གཞུང་ནང་དངུལ་འབོར་ས་ཡ་ ༥༧ འཁོད་འདུག་པ་དང་། ཟུར་འཛར་དང་པོའི་ནང་རིག་གཞུང་དང་སྒྱུ་རྩལ་གྱི་ལས་འཆར་གང་རིགས་ཚུད་ཡོད་མིན་གྱི་དྲི་བའི་དེར། ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ལ་ནང་ཆོས་གཙོ་བོར་གྱུར་པའི་ཐུན་མོང་མ་ཡིན་པའི་ཞིབ་འཇུག་ཡོད་པ་དང་། སྒྱུ་རྩལ་བ་རེ་རེ་ལ་མཐུན་རྐྱེན་ག་རེ་སྦྱར་དགོས་མིན་ཏེ་སྒྱུ་རྩལ་བ་རེ་ལ་དངུལ་འབུམ་གཅིག་དང་ཕྱེད་ཀ་ནས་གསུམ་བར་མཐུན་རྐྱེན་སྦྱོར་བ་དེ། བོད་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་མི་ཉམས་ཆེད་ཡིན་པ་ལན་འདེབས་གནང་གི་འདུག
གཞན་ཡང་ཆོས་རིག་གི་སྔོན་རྩིས་དང་འབྲེལ་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནས། ཟློས་གར་ཚོགས་པར་ག་དུས་ཡིན་ན་བོད་ཀྱི་རིག་གཞུང་ཆེད་འགྲོ་སོང་མང་པོ་བཏང་བསྡད་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པ་ནི་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་པ་ཞིག་དགོས་པ་དང་། ཟློས་གར་ཚོགས་པས་ད་བར་རིག་གཞུང་འཁྲབ་སྟོན་བྱས་བཞག་པའི་ནང་བརྒྱ་ཆ་ ༧༠ ནས་ ༨༠ ལྷག་ལུང་ཚན་བྱེ་བྲག་པ་གཅིག་མ་གཏོགས། ཆོལ་ཁ་གསུམ་ཆ་ལ་ཁྱབ་ཐུབ་པ་དེ་འདྲ་མེད་པར་བརྟེན། མ་འོངས་པར་དགོངས་པ་རྒྱ་ཆེ་ས་ནས་བཞེས་ཏེ་རིག་གཞུང་འཁྲབ་སྟོན་ཁག་ཆོལ་གསུམ་སྤྱི་ལ་ཁྱབ་པ་ཞིག་དགོས་པ་སོགས་ཞུས་སོང་།
དེ་ལ་ཆོས་རིག་བཀའ་བློ་སྤེན་པ་ཚེ་རིང་ལགས་ནས་ད་བར་ཟློས་གར་བཙུགས་ཏེ་ལོ་དྲུག་ཅུ་ལྷག་གི་རིང་། བཙན་བྱོལ་ནང་ཆོལ་གསུམ་ཡོངས་རྫོགས་ཀྱི་འཁྲབ་གཞུང་དང་སྒྱུ་རྩལ་གྱི་རིགས། ཟློས་གར་གྱི་ངོས་ནས་སློབ་སྦྱོང་ལེན་རྒྱུའི་ཐབས་ཤེས་འབད་བརྩོན་གནང་ཡོད་པ་སོགས་ལན་འདེབས་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པར། རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་ནི་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་བཀའ་འཁྲོལ་སྔོན་རྩིས་ཀྱི་བསྡོམས་ས་ཡ་ ༦༥ དང་ ༣༦༡༥༦༤ སྤྱི་མོས་གཏན་འབེབས་དང་། ཆོས་རིག་ལས་ཁུངས་ཀྱི་ཟུར་བཀོལ་གྱི་སྔོན་རྩིས་ནི་ས་ཡ་ ༡༠༩ དང་ ༩༣༢༤༧༤ སྤྱི་མོས་གཏན་འབེབས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།