ཨུ་རུ་སུའི་རྒྱལ་སར་བོད་བརྒྱུད་ནང་བསྟན་སྤྱིའི་ངོ་སྤྲོད་གནང་ཡོད་པ།
2015.11.27

༄༅། །རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གུང་རུ་ཁང་ཚན་གི་དགེ་འདུན་པ་ཁག་གཅིག་ཨུ་རུ་སུའི་རྒྱལ་ས་མོསི་ཀོའི་ནང་བོད་བརྒྱུད་ནང་བསྟན་སྤྱིའི་ངོ་སྤྲོད་དང་། སྔགས་ཆོག་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་གནང་འདུག་ལ། བོད་ཀྱི་གསོ་རིག་སྨན་སོགས་བོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་བསྐྱོར་བསྐྱོད་གནང་འདུག།
ཕྱི་ཟླ་བཅུ་གཅིག་པའི་ཚེས་ ༧ ནས་ ༢༢ བར་གནང་པའི་བོད་བརྒྱུད་ནང་བསྟན་རིག་གཞུང་གི་ངོ་སྤྲོད་བསྐོར་བསྐྱོད་དེ་བཞིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ལྷ་རམ་པ་ཐུབ་བསྟན་དོན་གྲུབ་ལགས་ཀྱིས་དབུ་ཁྲིད་གནང་ཞིང་། མང་ཚོགས་ནས་དོ་སྣང་ཆེན་པོ་བྱས་འདུག་ལ། བོད་བརྒྱུད་ནང་བསྟན་རིག་གཞུང་ཐད་དྭོགས་འདྲི་བྱ་མཁན་ཚོར་ལན་འདེབས་སོགས་གནང་འདུག།
ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པའི་སོག་རིག་ཡུལ་གྲུ་ཁག་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ཆོས་ཞུགས་སློབ་གཉེར་བྱ་མཁན་མི་ཉུང་བ་ཞིག་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་འབྲས་སྤུང་སྒོ་མང་གྲྭ་ཚང་དང་ཨུ་རུ་སུའི་ཁྱབ་ཁོངས་ཡུལ་གྲུ་འགའ་ཤས་དབར་ལོ་རྒྱུས་ཐོག་འབྲེལ་བ་གཏིང་ཟབ་ཡོད་སྐོར་གསལ་བཤད་གནང་པ་དང་། ཨུ་རུ་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་ནང་པ་ཚོས་དེ་སྔ་བོད་དུ་དུས་ལོག་མ་བྱུང་སྔོན་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་དུ་ནང་ཆོས་སློབ་གཉེར་གནང་སྲོལ་ཡོད་པ་ཙམ་མ་ཟད། ཕྱིས་སུ་བོད་མི་རྣམས་བཙན་བྱོལ་བ་ཆགས་རྗེས་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གལ་སྒོ་མང་གྲྭ་ཚང་ནང་དུ་མུ་འཐུད་ནས་བོད་བརྒྱུད་ནང་བསྟན་སློབ་གཉེར་གནང་བཞིན་ཡོད་པ་དང་། ཐེངས་འདིར་བོད་བརྒྱུད་ནང་བསྟན་ངོ་སྤྲོད་ཀྱི་རིག་གཞུང་འགྲེམས་སྟོན་སྐབས་མང་ཚོགས་རྣམས་ཀྱིས་ཞལ་འདེབས་གང་ཕུལ་བ་རྣམས་བོད་བརྒྱུད་ནང་བསྟན་གྱི་འཛིན་སྐྱོང་སྤེལ་གསུམ་ཆེད་དུ་སྦྱོར་རྒྱུ་ཡིན་སྟབས་དགེ་བའི་རྩ་བར་གྱུར་རྒྱུ་ཡིན་སྐོར་གསལ་བཤད་གནང་འདུག། ཕྱི་ཟླ་ ༡༢ ཚེས་ ༥ ཉིན་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཉིན་ཨུ་རུ་སུའི་རྒྱལ་ས་མོསི་ཀོའི་ནང་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཚོགས་རྒྱུ་ཡིན་འདུག།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།