ནང་ཆོས་ངོ་སྤྲོད་འཛིན་གྲྭར་ཞུགས་མཁན་ཚོར་མཐུན་རྐྱེན་སྦྱོར་སྤྲོད།
2018.11.29
རྡ་རམ་ས་ལར་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ནང་ཆོས་ངོ་སྤྲོད་འཛིན་གྲྭར་ཞུགས་མཁན་ཚོར་ཞལ་ལག་དང་སྡོད་གནས་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་འདུག
དེ་ཡང་སྤྱི་ཟླ་༡༡པའི་ཚེས་༢༩ཉིན། ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་དང་། དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ། དགེ་བཤེས་བློ་བཟང་ཟླ་བ་བཅས་ནས། ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་ལ་ཡོང་མཁན་བོད་མི་སེར་སྐྱ་བརྒྱ་སྐོར་ཞིག་དང་ལྷན། ཡོངས་གླིང་སློབ་གྲྭ་རུ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། དགེ་བཤེས་བློ་བཟང་གྲགས་པ་མཆོག་ནས། ད་ཆ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཕྱོགས་མཐའ་ཁག་ནས་ནང་ཆོས་འཛིན་གྲྭ་ལ་ཕེབས་མཁན་ཚོར། ཟ་མ་དང་གནས་མལ་གྱི་མཐུན་རྐྱེན་སྦྱར་རྒྱུ་ཡིན་པ་དང་། མི་མང་གི་བསམ་ཚུལ་བསྡུ་རུབ་ཀྱིས་ས་ཆ་དང་དུས་ཚོད་ཀྱིས་དཀའ་ངལ་འཕྲད་རིགས་ལ་སྟབས་བསྟུན་གྱིས་ནང་ཆོས་འཛིན་གྲྭ་གོ་སྒྲིག་བྱ་འཆར་ཡོད་པ་བཅས་ངོ་སྤྲོད་གནང་གི་འདུག
རྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ངོས་ནས་གོ་སྒྲིག་གནང་སྟེ། བཞུགས་སྒར་ཁུལ་དུ་འདས་པའི་ལོ་ངོ་༡༣རིང་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་བཙུགས་ཏེ། དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་དང་། བློ་བཟང་ཟླ་བ་རྣམ་གཉིས་ཀྱིས། ནམ་རྒྱུན་བོད་མི་རྒན་གཞོན་སེར་སྐྱ་ཕོ་མོ་བརྒྱ་ནས་ཉིས་བརྒྱ་ལྷག་གི་བར་ལ། ནང་ཆོས་ངོ་སྤྲོད་འཆར་ཅན་དུ་གནང་གི་ཡོད་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་གསོལ་འདེབས་གདན་ཞུས་ཀྱིས། བོད་ཕྲུག་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཐེངས་མང་གནང་ཡོད།
རྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནི་སྤྱི་ལོ་༢༠༠༥ལོ་ནས་གསར་འཛུགས་གནང་སྟེ། ཕྱི་ནང་གི་སེར་སྐྱ་ཕོ་མོ་ཧ་ཅང་མང་པོ་ལ་ནང་ཆོས་ངོ་སྤྲོད་རྒྱུན་མཐུད་དུ་གནང་གི་ཡོད་པ་རེད།
གསར་འགོད་པ་བློ་བྷེ།