ཝུའུ་དབྱིང་ཅེས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་རྒྱུར་སྐུལ་དེད་གཏོང་དགོས་པ་བརྗོད་འདུག
2020.09.04
བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་འགོག་ཐབས་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་རྒྱུར་སྐུལ་དེད་གཏོང་དགོས་པ་བརྗོད་འདུག
རྒྱ་ནག་དམར་ཤོག་ཚོགས་པས་བོད་ལས་དོན་ཐད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པའི་རྗེས་ད་ཆ་བོད་རང་སྐྱོང་ལྗོངས་ཁུལ་དུ་ཞི་ཅིན་པིང་གི་གཏམ་བཤད་ཀྱི་ནང་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་ཆེད་སློབ་གསོའི་ལས་འགུལ་མང་དག་ཞིག་ས་ཁུལ་འདྲ་མིན་དང་སྤེལ་བཞིན་འདུག་ལ། ལྷག་པར་དུ་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་གཙོ་སྐྱོང་བྱས་པའི་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་དཔོན་རིགས། ལས་བྱེད་པའི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད། སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་རྒྱ་ནག་དམར་ཤོག་ཚོགས་པའི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། དགོན་སྡེ་ཁག་གི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ཐོག། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་ལ་བརྟེན་ནས་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་དགོས་ལུགས་སོགས་བརྗོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འདས་པའི་ལོ་བདུན་བཅུའི་རིང་བཟོ་ཐུབ་མེད་ལ་ད་དུང་ཡང་བཟོ་ཐུབ་རྒྱུ་མིན་པ་གསུངས་ཡོད་ལ། ད་དུང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ལ་གོ་བ་ཡོངས་སུ་ལོན་གྱི་མེད་པ་གསལ་པོ་ཡིན་པ་གསུངས་འདུག
ཡང་སྤྱི་འཐུས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་དང་རྒྱ་ནག་གི་འགོ་ཁྲིད་ཚོས་གཏམ་བཤད་བྱེད་པ་ཁག་ནས་བལྟས་ན། བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་པ་གསལ་པོར་མཐོང་ཐུབ་པ་གསུངས་ཡོད་པ་རེད།
ཕྱི་ཟླ་ ༩ ཚེས་ ༢ ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ཚོགས་འདུ་དེའི་ཐོག་ཝུའུ་དབྱིང་ཅེས་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་རྒྱ་ནག་གི་རིགས་གནས་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་གཏིང་གཟབ་ཟུག་པར་བྱེད་དགོས་ལུགས་བརྗོད་ཡོད་ཅིང་། བོད་དོན་ཉམས་ཞིབ་པ་ཚོས་བོད་ཀྱི་ཆོས་དང་སྐད་ཡིག། མི་རིགས་ཀྱི་ངོ་བོ་སོགས་ནི་རྒྱ་ནག་གི་རིག་གཞུང་ནས་ཡོངས་སུ་ཐ་དད་པ་ཡིན་པར་མ་ཟད། རྒྱ་ནག་གི་མཁས་པ་ཁག་གཅིག་གིས་བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་ཆ་ཤས་ཀྱང་མིན་པ་བརྗོད་བཞིན་ཡོད་པ་རེད།
རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་པིང་གིས་བོད་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་མཇུག་བསྒྲིལ་གྱི་གཏམ་བཤད་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དོ་དམ་བྱེད་རྒྱུའི་གཏམ་བཤད་སྤེལ་བར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས་སྐྱོན་བརྗོད་གནང་ཞིང་། ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱར་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱེད་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་གསུངས་ཡོད་པ་རེད།