རྩི་གོར་ཐང་རྫོང་ཁོངས་སུ་བོད་དང་ཁ་ཆེ་མི་རིགས་བར་འཁྲུག་རྩོད།
2014.08.08
རྩི་གོར་ཐང་རྫོང་ཁོངས་སུ་རྒྱ་ཁ་ཆེ་མི་རིགས་དང་བོད་མིའི་བར་འཁྲུག་རྩོད་བྱུང་བའི་སྐོར་ཁ་ཆེ་མི་རིགས་ཁག་གཅིག་གིས་དྲ་ལམ་ལ་བཀོད་འདུག
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩི་ཀོར་ཐང་རྫོང་གི་བོད་རིགས་དང་ཁ་ཆེའི་བར་འཁྲུག་འཛིང་ཤོར་ཏེ་ཁ་ཆེ་བ་ཁ་ཤས་ཤིག་ལ་རྨས་སྐྱོན་ཕོག་ཡོད་པ་ཁ་ཆེ་བ་ཚོས་དྲ་ལམ་ལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། རྩི་གོར་ཐང་གི་བོད་མི་ཞིག་གིས་བརྗོད་དོན། ཕྱིར་བཏང་ང་ཚོའི་ས་གནས་སུ་བོད་མི་དང་། ཁ་ཆེ། ད་དུང་རྒྱ་རིགས་བཅས་ཀྱི་བར་འབྲེལ་དེ་ཙམ་ཡག་པོ་མེད། རྒྱུ་མཚན་ནི་ཁོང་ཚོས་ང་ཚོས་བོད་མི་ཚོའི་ཁེ་དབང་འཕྲོག་པ་དང་། མཐོང་ཆུང་སོགས་ཀྱི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་འོན་ཀྱང་ད་ཐེངས་གནས་ཚུལ་དེ་འདྲ་གོ་ཐོས་བྱུང་མོད་དོན་དངོས་རྒྱུ་རྐྱེན་སོགས་ཤེས་རྟོགས་མ་བྱུང་ཟེར། འོན་ཀྱང་ཁ་ཆེ་བ་ཁག་གཅིག་གིས་ཟླ་འདིའི་ཕྱི་ཚེས་༦ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཡེ་མཱ་ཐེ་གྲོང་སྡེར་བོད་རིགས་དང་ཁ་ཆེའི་བར་མ་མཐུན་པའི་རྩོད་རྙོག་འཁྲུག་འཛིང་ཤོར་ཏེ། ཁུལ་དེའི་ཁ་ཆེ་ལྷ་ཁང་ལ་རྡོ་རྒྱབ་སྐབས་ཁ་ཆེ་བ་མི་གྲངས་མི་༥ ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་དྲ་ལམ་ཁག་ལ་སྤེལ་བ་ལས་འཁྲུག་རྩོད་ཀྱི་རྒྱུ་རྐྱེན་དང་བོད་མིར་རྨས་སྐྱོན་ཕོག་ཡོད་མེད་སོགས་གང་ཡང་འཁོད་མི་འདུག ཡང་ཁ་ཆེ་བ་གཞན་ཞིག་གིས། ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པར་ས་གནས་དེའི་ཁ་ཆེ་ཡོངས་ཀྱིས་རྫོགས་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་འཛོམས་ནས་གནད་དོན་དེར་གཞུང་གིས་བདག་པོ་རྒྱནག་དགོས་པའི་དགོས་འདུན་བཏོན་པ་དང་མཉམ་མི་རིགས་ཀྱི་ཁེ་དབ་ཐོབ་ཐང་ལ་སྲུང་སྐྱོན་བྱེད་པར་ཚང་མ་མཉམ་ཞུགས་དགོས་ཚུལ་སོགས་འཁོད་འདུག
གནས་ཚུལ་ལྟར་ན། རྩི་གོར་ཐང་གི་ཐང་ནེ་ཧེ་ཤང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩི་གོར་ཐང་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ་༡༨ཙམ་གྱི་སར་ཡོད་པ་དང་། རྩི་གོར་ཐང་རྫོང་གི་སྤྱིའི་མི་འབོར་གྱི་བརྒྱ་ཆ་༥༩ ཙམ་བོད་རིགས་ཡིན་ཞིང་། གཞན་རྒྱ་རིགས་དང་ཁ་ཆེ། ཐུའུ་མི་རིགས་སོགས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།