ཨིན་ཡུལ་གྲོས་ཚོགས་འཐུས་མི་ལྦེ་ར་ཧོབ་ཧོས་ལགས་ཧོང་ཀོང་དུ་བསྐྱོད་པར་བཀག་འགོག་གིས་ཧོང་ཀོང་གནམ་ཐང་ནས་ཕྱིར་སློག་བྱས་འདུག

2025.04.14
ཨིན་ཡུལ་གྲོས་ཚོགས་འཐུས་མི་ལྦེ་ར་ཧོབ་ཧོས་ལགས་ཧོང་ཀོང་དུ་བསྐྱོད་པར་བཀག་འགོག་གིས་ཧོང་ཀོང་གནམ་ཐང་ནས་ཕྱིར་སློག་བྱས་འདུག གྲོས་ཚོགས་འཐུས་མི་ལྦེ་ར་ཧོབ་ཧོས་ལགས། ༢༠༢༡།༠༤།༢༦ ཉིན།
Reuters

རྒྱ་ནག་གཞུང་གིས་ཨིན་ཡུལ་གྲོས་ཚོགས་འཐུས་མི་ལྦེ་ར་ཧོབ་ཧོས་ (Wera Hobhouse) དང་ཁོང་གི་བཟའ་ཟླ་གཉིས་པོ་ཧོང་ཀོང་དུ་བསྐྱོད་པར་བཀག་འགོག་གིས། འཕྲལ་དུ་གནམ་ཐང་ནས་ཕྱིར་སློག་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨིན་ཡུལ་གྲོས་ཚོགས་འཐུས་མི་ལྦེ་ར་ཧོབ་ཧོས་ (Wera Hobhouse) རང་ཉིད་ཀྱི་གཟའ་ཟླ་དང་ལྷན་ཚ་བོ་ཐུག་འཕྲད་ཆེད་ཧོང་ཀོང་དུ་བསྐྱོད་པར། ཧོང་ཀོང་གནམ་ཐང་ཉེན་རྟོག་པས་བཀག་འགོག་གིས་འཕྲལ་མར་ཧོང་ཀོང་ནས་ཕྱིར་སློག་བྱས་ཡོད་པ་རེད་འདུག

གྲོས་ཚོགས་འཐུས་མི་ཧོབ་ཧོས་ (Wera Hobhouse) ལགས་ཀྱིས་གསུངས་པར་གཞིགས་ན། ཟླ་ ༤ ཚེས་ ༡༠ རེས་གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༦ པའི་ཐོག་ཁོང་ཧོང་ཀོང་གནམ་ཐང་དུ་འབྱོར་ཡོད་པ་དང་། སྐབས་དེར་ཁོང་མཐོང་མཆན་ཞིབ་བཤེར་ལས་ཁུངས་དུ་བསྐྱོད་སྐབས་ཡུལ་སྤོས་ལས་ཁུངས་ (Immigration office) སུ་ཁོང་ཧོང་ཀོང་དུ་བསྐྱོད་དགོས་དོན་སོགས་འདྲི་རྩད་རྗེས། དོས་ཆས་ཁང་པའི་ནང་ཁྲིད་དེ། ཁོང་གི་འགྲུལ་ཁྱེར་དོས་ཆས་ནང་ཞིབ་བཤེར་བྱས་ཡོད་ཅིང་། དེ་ནས་ཆུ་ཚོད་གསུམ་རྗེས་ཧོང་ཀོང་ནང་འཛུལ་རྒྱུ་བཀག་འགོག་གིས། ཕྱི་དྲོའི་ཕྱག་ཚོད་ ༡༡།༡༥ ཐོག  (Cathay Pacific) གནམ་གྲུ་ནས་ཕྱིར་སློག་བྱ་རྒྱུའི་ཡི་གེ་འབྱོར་ཡོད་པ་གསུངས་འདུག

གནད་དོན་དེ་འབྲེལ་གྲོས་ཚོགས་འཐུས་མི་ཧོབ་ཧོས་ཡིས། ཨིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ (David Lammy) ངོས་ནས་རྒྱ་ནག་གཞུང་ནས་ལན་འདེབས་གསལ་བཤད་བླང་དགོས་པ་གསུངས་ཡོད་པར། (Guardian) གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་སྲིད་དྲུང་ཆེ་ལེ་མི་ཡིས། གནད་དོན་དེ་བཞིན་སེམས་ཚབས་བྱ་དགོས་པ་ཤིག་ཡིས་པས། དེ་འབྲེལ་ཨིན་ཡུལ་གཞུང་ངོས་ནས་ཧོང་ཀོང་དང་པེ་ཅིན་དུ་ཡོད་པའི་གཞུང་ཚབ་བརྒྱུད་ལན་འདེབས་གསལ་བཤད་བླང་རྒྱུ་ཡིན་པ་གསུངས་འདུག མ་ཟད་ཨིན་ཡུལ་ཕྱི་སྲིད་དྲུང་ཆེས། གྲོས་ཚོགས་འཐུས་མི་ཞིག་གིས་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཧོང་ཀོང་དུ་འཛུལ་རྒྱུར་བཀག་སྡོམ་བྱས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་གསུངས་འདུག་ལ། མང་གཙོ་གུ་ཡངས་ཚོགས་པའི་ཚོགས་གཙོ་ (Ed Davey) ལགས་ཀྱིས། ཨིན་ཡུལ་ཕྱི་སྲིད་དྲུང་ཆེར་ཕྱག་ཡིག་ཅིག་ཕུལ་བའི་ནང་། འཕྲལ་དུ་གྲོས་ཚོགས་འཐུས་མི་ཧོབ་ཧོས་དང་ཐུག་འཕྲད་དགོས་ཤིང་། ལོན་ཌོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་སྐོང་ཚོགས་ཀྱིས་གནད་དོན་དེ་འབྲེལ་ལན་འདེབས་གསལ་བཤད་དགོས་པ་བརྗོད་ཡོད་ཅིང་། རྒྱ་ནག་གཞུང་ནས་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་འཇིགས་སྐུལ་གྱིས་ཨིན་ཡུལ་གྱི་མང་གཙོའི་རང་བཞིན་ལ་སྣང་ཆུང་བྱས་པར་ཨིན་གཞུང་ནས་སྟངས་འཛིན་བྱ་དགོས་པ་གསུངས་འདུག

ཡང་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་(Global Alliance for Tibet & Persecuted Minorities) ཞེས་རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གླེང་མཁན་གྱི་གྲོས་ཚོགས་འཐུས་མིར་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་པ་ནི། ཡོང་འགྱུར་གྲོས་ཚོགས་འཐུས་མི་གཞན་རྣམས་ལ་ཉེན་བརྡ་དང་འཇིགས་སྐུལ་བྱེད་ཆེད་ཡིན་ཞེས་འགྲེལ་བརྗོད་དང་སྦྲགས། རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པའི་ངོས་ནས་གྲོས་ཚོགས་འཐུས་མི་ཧོབ་ཧོས་ལ་ཉེ་ལམ་བྱུང་བའི་གནད་དོན་དེའི་ཐད་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་འཕྲིན་ཡིག་ཕུལ་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གྲོས་ཚོགས་འཐུས་མི་ཧོབ་ཧོས་ལགས་ནི་སྤྱིར་བཏང་བོད་དང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་ཚབས་གསལ་སྟོན་གནང་མཁན་ཞིག་ཡིན་ཞིང་། དེ་སྔ་ཁོང་གིས་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་ཚོའི་ངོ་རྒོལ་ལ་དྲག་པོའི་ལམ་ནས་བཀག་འགོ་བྱས་ཡོད་སྐོར་སྐྱོན་བརྗོད་དང་། ཕྱི་ལོ་ ༢༠༢༠ ལོར་ཁོང་གིས། རྒྱ་ནག་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གི་སྲིད་བྱུས་དེ་བཞིན་ལོ་བཅུ་ཕྲག་མང་པོའི་རིང་ལག་བསྟར་བྱས་ངེས་པ་དེས་འཛམ་གླིང་ནང་གི་མང་གཙོར་ཉེན་ཁའི་གནས་སུ་ལྷུང་ཡོད་པ་སོགས་སྤྱི་ཚོགས་དྲྭ་ལམ་དུ་བཀོད་ཡོད་པ་རེད། མ་ཟད་ཁོང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་སྐོར་ལའང་ཐེར་འདོན་ཐེངས་མང་གནང་མཁན་ཞིག་ཡིན་འདུག་ལ། གྲོས་ཚོགས་འཐུས་མི་ཧོབ་ཧོས་ནི། (Inter-Parliamentary Alliance on China) ཞེས་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་བརྟེན་པའི་སྒྲིག་གཞི་ལ་ཞིབ་འཇུག་བྱེད་མཁན་གྱི་གྲོས་ཚོགས་འཐུས་མིའི་ཚོགས་པའི་ཚོགས་མི་ཞིག་ཡིན་འདུག་ཅིང་། ཚོགས་པ་དེས་དེ་སྔ་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་དུ་ཞིབ་བཤེར་སླད་དུ་སྐྱོད་འཆར་ཡོད་པའི་གནས་ཚུལ་གསལ་སྒྲགས་བྱས་པར། རྒྱ་ནག་གཞུང་གིས་གྲོས་ཚོགས་འཐུས་མི་དེ་དག་ཧོང་ཀོང་དུ་བསྐྱོད་པར་བཀག་འགོག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་བཞིན། ཐེངས་འདིར་གྲོས་ཚོགས་འཐུས་མི་ཧོབ་ཧོས་ལགས་ཧོང་ཀོང་གནམ་ཐང་ནས་ཕྱིར་སློག་བྱས་པ་དེ་ནི། ཕྱི་ལོ་ ༡༩༩༧ ནས་བཟུང་ད་བར་ཧོང་ཀོང་དུ་བསྐྱོད་རྒྱུར་བཀག་སྡོམ་བྱས་པའི་གྲོས་ཚོགས་འཐུས་མི་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎