དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ཏུ་ཡུ་གུར་དང་བོད་ཀྱི་གནད་དོན་དམིགས་བཀར་གླེང་མེད་པར་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་བྱས་འདུག

* འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དབྱིན་ཡིག་ནང་ཀློག་ཐུབ།
ཉེ་ཆར་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་(David Lammy)རྒྱ་ནག་ཏུ་ཆེས་མཐོའི་ཚོགས་འདུ་ཞིག་གི་ཆེད་ཕེབས་ཏེ། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེས་དང་གླེང་སློང་གང་བྱུང་ཡོད་མེད་སོགས་དབྱིན་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ནས་ཟླ་འདིའི་ཚེས་༡༨ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་དང་མཉམ་ཤིན་ཅང་ཁུལ་གྱི་གནས་སྟངས་ཐེ་བའི་སྤྱིར་སྟངས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གྲོས་སྡུར་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དྲག་ཤུགས་བེད་སྤྱོད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་དང་གཏོང་བཞིན་པའི་གནད་དོན་ཐད་གྲོས་བསྡུར་དེ་ཙམ་བྱུང་མེད་པ་རེད་འདུག་ལ། ད་དུང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཡུལ་གཉིས་ཀྱི་ཕྱི་འབྲེལ་མཐུད་སྐྱོད་མ་ཐུབ་པའི་འགག་རྡོ་ཞིག་ཡིན་སྐོར་བརྗོད་འདུག
དེའི་ཐད་དབྱིན་ཡུལ་གྱི་ཕྱོགས་འགལ་གྲོས་ཚོགས་འཐུས་མི་དང་འཛམ་གླིང་ཡུ་གུར་ལྷན་ཚོགས་བཅས་འབྲེལ་ཡོད་ཚོས། ད་ཐེངས་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་ཕེབས་སྐབས། རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་བྱེད་ཐབས་བྱེད་བཞིན་པའི་གནད་དོན་སྐོར་གླེང་མོལ་མ་བྱུང་བ་སྐྱོན་བརྗོད་བྱས་འདུག་ལ། དབྱིན་ཡུལ་གྲོས་ཚོགས་འཐུས་མི་(Alicia Kearns)་ལགས་ཀྱིས། ད་རེས་ཕྱི་སྲིད་དྲུང་ཆེ་(David Lammy)་ལགས་ཀྱིས་རྒྱ་ནག་ཏུ་གཞུང་འབྲེལ་མཚམས་གཟིགས་དེས། རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་དང་། ཤིན་ཅང་། བོད་བཅས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་དང་བཙན་གནོན་བྱེད་པ། ར་ཤེ་ཡ་ལ་འཕྲུལ་ཆས་ཀྱི་རྒྱབ་སྐྱོར་དང་ཐེ་ལྦན་ལ་འཇིགས་སྐུལ་བྱེད་པ། རྒྱལ་མཚམས་བརྒལ་ནས་དྲག་གནོན་གྱི་བྱ་སྤྱོད་རྣམས་གླེང་སློང་གནང་མེད་པར་སྐྱོན་བརྗོད་བྱས་ཡོད་པ་དང་། ཕྱི་སྲིད་དྲུང་ཆེ་(David Lammy)་ཡིས་ཁོང་རྒྱ་ནག་ཏུ་ཡང་ཡང་བསྐྱོད་ནས་དབྱིན་ཡུལ་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་གྲུབ་འབྲས་ཐོབ་ཐབས་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད་འདུག
༢༠༡༢ལོའི་སྤྱི་ཟླ་༤པའི་ནང་དབྱིན་ཡུལ་གྲོས་ཚོགས་འཐུས་མིས་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་བྱེད་ཐབས་བྱེད་བཞིན་པར་སྐྱོན་བརྗོད་གྲོས་འཆར་ཞིག་གཏན་འབེབས་གནང་ཡོད་པ་རེད།
དེའི་ཐད་བོད་རྒྱའི་གནད་དོན་ཐད་དབྱེ་ཞིབ་པ་དང་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས། ང་ཚོས་ངེས་བར་དུ་ཤེས་དགོས་བ་ཞིག་ལ་དབྱིན་ཇི་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ནི་དེ་སྔ་༢༠༠༨ཀྱི་ཡར་སྔོན་བོད་ནི་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་མོད། ༢༠༠༨ལོའི་རྗེས་སུ་སྲིད་ཇུས་དེར་འགྱུར་བ་ཕྱིན་ཡོད། དེ་བས་ད་ཆ་དབྱིན་ཇི་གཞུང་གིས་རྒྱ་ནག་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་བ་ལས་དམིགས་བཀར་བོད་ཀྱི་གནད་དོན་སྐོར་གླེང་གི་མེད་པ་རེད། གནད་དོན་མང་པོ་ཞིག་སྐབས་ཐོག་དགོས་མཁོར་བལྟས་ནས་གླེང་གི་ཡོད། དེ་འདྲ་ཡིན་དུས་ཚོགས་སྡེ་ཁག་གིས་སྐབས་ཐོག་འདི་འདྲར་དབྱིན་གཞུང་ལ་སྐྱོན་བརྗོད་བྱས་བས་ཕན་ཐོགས་མེད་པས། དེ་ལས་དེ་སྔ་༢༠༠༨ཀྱི་ཡར་སྔོན་དབྱིན་ཇི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་སླར་གསོའི་ལས་འགུལ་སྤེལ་ན་འོས་མཚམས་རེད་སྙམ། དཔེར་ན། ཨ་རིས་བོད་དོན་ཁྲིམས་ཡིག་གཏན་འབེབས་བྱས་བ་ལས་མཚོན་ཐུབ་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དཔྱད་བརྗོད་སྤེལ་སོང་།
སྤྱི་ཟླ་༡༠བའི་ཟླ་འགོར་(David Lammy)་རྒྱ་ནག་ཏུ་མ་ཕེབས་གོང་ཚེས་༡༥་ཉིན། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པ་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དང་བླངས་བོད་དོན་ཞུ་གཏུག་ཚོགས་པ་བཅས་ཀྱིས་ད་ཐེངས་རྒྱ་ནག་ཏུ་ཐོག་མའི་མཚམས་གཟིགས་སྐབས་རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་བོད་དོན་སྐོར་གླེང་སློང་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ་བ་དང་མཉམ། དབྱིན་ཡུལ་གྲོས་ཚོགས་ཀྱི་མདུན་དང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་གྱི་དབུས་ཁུལ་དུ་བོད་དོན་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་ཚིག་འཁོད་པའི་རླངས་འཁོར་བསྐོར་བསྐྱོད་གྱི་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།