དབྱིན་ཇིའི་གཞུང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།
2010.01.14
༄༅༎རྒྱ་ནག་གཞུང་ནས་ཉེ་ཆར་དོན་གྲུབ་དབང་ཆེན་ལགས་སུ་ཁྲིམས་ཐག་བཅད་པ་དེ་ལུགས་དང་མཐུན་པ་ཞིག་བྱུང་མེད་ལུགས་དབྱིན་ཇིའི་གཞུང་ནས་སྐྱོན་བརྗོད་གནང་ཡོད་འདུག
དབྱིན་ཇིའི་གཞུང་ནས་དགག་ཆ་བྱས་མིན་ལ་མ་ལྟོས་པར་ཉེ་ཆར་དབྱིན་ཇིའི་མི་སེར་ཡིན་མཁན་ཞིག་ལ་རྒྱ་ནག་ནང་ཉལ་ཐག་ཚོང་འགྲེམས་བྱས་པའི་ཉེས་བཙུགས་འོག་སྲོག་ཐོག་བཏང་བ་དང་།
དེ་ནས་རིམ་པས་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་ཁྲིམས་ཐག་བཅད་པ།
དེ་བཞིན་བོད་རིགས་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་སུ་ཉེས་ཆད་བཀལ་བའི་གནད་དོན་དེ་དག་དང་། ལྷག་པར་དུ་ཁོང་ཚོར་ཁྲིམས་བཤེར་བྱེད་པའི་སྐབས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་ཁྲིམས་བཤེར་ཡག་པོ་ཞིག་བྱུང་མེད་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད། གོང་དུ་ཞུས་པའི་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་མཆོག་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་མུ་མཐུད་ནས། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། རྩ་ཁྲིམས་གཞིར་བཟུང་སྨྲ་བརྗོད་རང་དབང་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་འདུག
བོད་རིགས་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ནས་དེ་སྔ་ཕྱི་ལོ་༢༠༠༨ལོར་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་པའི་གོང་བོད་ནང་གི་བོད་མི་ཚོའི་དངོས་ཡོད་བསམ་ཚུལ་དང་། ལྷག་པར་དུ་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་མང་ཚོགས་ཁྲོད་ནས་བསམ་ཚུལ་བསྡུ་ལེན་བྱས་པའི་དངོས་བྱུང་གི་གློག་བརྙན་འཇིགས་བྲལ་ཞེས་པ་ཞིག་བཟོས་ཡོད་པ་དང་། གློག་བརྙན་དེ་བཞིན་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་པའི་གོང་ཙམ་ལ་ཕྱི་རྒྱལ་གསར་འགོད་པ་ཚོར་རྒྱལ་ས་པེ་ཅིང་ནང་བཏོན་ཐུབ་པ་བྱུང་ཡོད་རེད། འོན་ཀྱང་དོན་གྲུབ་དབང་ཆེན་ལགས་ལོ་དེའི་ཕྱི་ཟླ་གསུམ་པ་ནས་འཛིན་བཟུང་དོ་དམ་གྱིས་རྒྱུན་རིང་བཀག་ཉར་བྱས་པའི་མཐར་ཉེ་ཆར་ལོ་དྲུག་གི་ཁྲིམས་ཆད་བཀལ་ཡོད་པ་རེད།