བྷོ་སི་ཀྲོན་མཐུན་སྒྲིལ་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་བོད་པའི་རུ་ཁག་གིས་རྒྱལ་ཁ་ཐེངས་གསུམ་བླངས་འདུག

2023.07.17
བྷོ་སི་ཀྲོན་མཐུན་སྒྲིལ་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་བོད་པའི་རུ་ཁག་གིས་རྒྱལ་ཁ་ཐེངས་གསུམ་བླངས་འདུག ཨ་རིའི་(Boston)་བྷོ་སི་ཀྲོན་མཐུན་སྒྲིལ་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཞུགས་པའི་བོད་པའི་རུ་ཁག
མཐུན་འགྱུར་པར་རིས།/RFA

དེ་ཡང་ཨ་རིའི་(Boston)་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་རྒྱབ་སྐྱོར་བྱེད་བཞིན་པའི་མི་རིགས་འདྲ་མིན་གྱི་ན་གཞོན་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་འདི་ལོ་ཕྱི་ཟླ་༦ཚེས་༢༥ནས་ཕྱི་ཟླ་༧པའི་ཚེས་༢༣བར་བྷོ་སི་ཀྲོན་གྲོང་ཁྱེར་ནང་ཚོགས་བཞིན་པའི་ཁྲོད། བོད་པའི་རྩེད་འགྲན་རུ་ཁག་ཞིག་མཉམ་ཞུགས་བྱས་ཡོད་པ་མ་ཟད། ལྷག་པར་དུ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་རྩེད་འགྲན་དབུ་འབྱེད་གནང་སྐབས་བོད་པའི་རྩེད་འགྲན་པ་དང་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་ཏེ་བོད་པའི་རྣམ་པ་གསལ་སྟོན་གནང་ཡོད་པ་རེད།
རྩེད་འགྲན་གོ་སྒྲིག་ཚོགས་པས་གསལ་བསྒྲགས་གནང་བར་གཞིགས་ན། རྩེད་འགྲན་གྱི་དམིགས་ཡུལ་ནི་(Boston)་ས་གནས་སུ་གནས་སྡོད་བྱེད་མཁན་རྒྱལ་ཁབ་དང་མི་རིགས་སྣ་མང་གིས་རྐང་རྩེད་སྤོ་ལོ་ལ་སོགས་པའི་ལུས་རྩལ་ལ་དགའ་ཞེན་དང་སྤྲོ་བ་འཕེལ་བ་བརྒྱུད་མི་རིགས་ཕན་ཚུན་བར་མཐུན་སྒྲིལ་འཕེལ་ཐབས་ཡིན་པ་དང་། ད་ལོ་འགྲན་བསྡུར་ནང་རྒྱལ་ཁབ་འདྲ་མིན་གྱི་རྒྱབ་ལྗོངས་ཡོད་པའི་རུ་ཁག་༢༠ལྷག་མཉམ་ཞུགས་གནང་ཡོད་པའི་ཁྲོད། བོད་དང་། རྒྱ་ནག བལ་ཡུལ། པ་ཀི་སི་ཐན། ཨ་མི་རི་ཀ མེག་སི་ཀོ ཌན་མག སྦ་ར་ཛིལ། ཨར་ཇན་ཊེ་ན་ལ་སོགས་ཡོད་འདུག་ལ། བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དེས་མེག་སི་ཀོ་རུ་ཁག་དང་འགྲན་བསྡུར་ཐེངས་དང་པོ་བྱས་སྐབས། བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་སྤོ་ལོ་༣ བླུགས་པ་དང་། མེག་སེ་ཀོ་རུ་ཁག་གིས་སྤོ་ལོ་གྲངས་༢བླུགས་ཏེ་བོད་པའི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

Boston Cup (2).JPG
ཡང་ཕྱི་ཟླ་བདུན་པའི་ཚེས་༡༣ཉིན་བོད་པའི་རུ་ཁག་གི་འགྲན་བསྡུར་ཐེངས་གཉིས་པའི་སྐབས་ཁེན་ཡ་(Kenya)་རུ་ཁག་དང་འགྲན་བསྡུར་སྐབས། སྤོ་ལོ་༡བླུགས་ཏེ་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། ཡང་པ་ཀི་སི་ཐན་རུ་ཁག་དང་མཉམ་རྩེད་འགྲན་སྐབས་སྤོ་ལོ་༩བླུགས་ཏེ་བོད་པའི་རུ་ཁག་ལ་རྒྱལ་ཁབ་ཆེན་པོ་ཐོབ་འདུག
བོད་པའི་རྩེད་འགྲན་རུ་དཔོན་བསྟན་འཛིན་མིག་དམར་ལགས་ཀྱིས། བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ད་རེས་འགྲན་བསྡུར་དེའི་ནང་མཉམ་ཞུགས་གནང་བ་ཐེངས་དང་པོ་ཡིན་པ་དང་། ས་གནས་མི་མང་གི་རྒྱབ་སྐྱོར་འོག་རྩེད་འགྲན་པ་ཚོས་དགའ་སྤོབས་གཉིས་ལྡན་གྱི་སྒོ་ནས་བོད་རྒྱལ་ཁབ་མཚོན་ཆེད་རྒྱལ་དར་འཕྱར་བ་དང་སྒྲིག་ཆས་སྟོད་གོས་ཐོག་བོད་ཀྱི་རྒྱལ་དར་བྲིས་ནས་མཉམ་ཞུགས་གནང་བ་དང་། ད་དུང་འགྲན་བསྡུར་རིམ་པའི་ནང་བོད་པའི་རྩེད་འགྲན་རུ་ཁག་ལ་རྒྱལ་ཁབ་ཐོབ་པའི་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད་པ་གསུང་འདུག
ཡང་ད་རེས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ནེའུ་ཡོག་གྲོང་ཁྱེར་ནས་ཡིན་པའི་བོད་ཕྲུག་གསུམ་ཐེ་བའི་བོད་ཕྲུག་༡༦་ཡོད་པ་ནས། ལོ་ན་ཆུང་ཤོས་དེ་ལོ ༡༨ ཡིན་པ་དང་། གཞན་མཐོ་སློབ་འགྲིམས་བཞིན་པ་དང་ལས་ཀ་བྱེད་བཞིན་པའི་བོད་པའི་ན་གཞོན་ཤ་སྟག་ཡིན་པ་དང་། དེའི་ནང་ནས་གཅིག་འདི་ལོའི་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནས་ཡིན་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎