བོད་ནང་དམག་གི་གནམ་གྲུ་གསར་སྟོན་དང་མཐའ་མཚམས་དོ་དམ་གྱི་བཀག་རྒྱ་གསལ་བསྒྲགས།
རྒྱ་ནག་དམར་ཤོག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་བོད་ཀྱི་ས་མཚམས་ཁུལ་དུ་བྱེད་མི་ཆོག་པའི་བཀག་རྒྱ་བཅོ་ལྔ་ཟེར་བ་ཞིག་གསལ་བསྒྲགས་བྱས་འདུག
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བོད་ལྗོངས་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་ནང་དཔྱིད་དུས་གསར་དུ་འཛུལ་ཞུགས་བྱས་པའི་དམག་མི་བཞི་སྟོང་ལ་དམག་སྦྱོང་འགོ་བཙུགས་བྱས་ཡོད་པའི་གནས་ཚུལ་སྤེལ་པ་དང་། ཡང་ཚེས་དྲུག་ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་བརྡ་ཁྱབ་ཅིག་བཏང་འདུག་པ་དེའི་ནང་། འདི་ལོ་ཕྱི་ཟླ་ ༥ ནང་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ངོ་༧༠འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད་སྟབས། ས་མཚམས་ཀྱི་དོ་དམ་དང་ས་མཚམས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོབ་ཀྱི་མིང་གི་ཐོག་ནས་བྱེད་མི་ཆོག་པའི་ལས་དོན་རྣམ་གྲངས་ ༡༥ ཡོད་པ་ཞིག་གསལ་བསྒྲགས་བྱས་འདུག
དོན་ཚན་བཅོ་ལྔ་ཡོད་པའི་བཀག་རྒྱ་དེའི་ཁོངས་སུ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ནང་དོན་འཁོད་པའི་ཚགས་པར་དང་དུས་དེབ། དཔེ་དེབ། བརྙན་པར། འདྲ་པར་སོགས་ཀྱི་དངོས་པོ་ཉར་བ་དང། སྐྱེལ་འདྲེན། ཁྱབ་སྤེལ་བྱེད་མི་ཆོག་པ། མཐའ་མཚམས་སུ་སྐྱོད་ཆོག་པའི་ལག་འཁྱེར་ཡོད་ན་ཡང་དམིགས་བསལ་ས་ཁུལ་དང་དམག་དོན་འཛིན་སྐྱོང་ས་ཁུལ་སོགས་སུ་བསྐྱོད་མི་ཆོག་པ། ལག་འཁྱེར་མེད་པའི་མི་སྣ་གང་བྱུང་རང་ཉིད་ཀྱི་ཁྱིམ་ནང་ཉར་མི་ཆོག་པ་དང་། དེ་དག་ལ་རོགས་སྐྱོར་བྱེད་མི་ཆོག་པའི་ཐོག་ཚོགས་པ་དང་དེ་བཞིན་ས་མཚམས་བརྒལ་ནས་ཡོང་མཁན་ལ་ཁྲིམས་དང་འགལ་བའི་མཐུན་རྒྱུར་སྦྱོར་སྤྲོད་མི་ཆོག་པ། འབྲེལ་ཡོད་ཚན་པའི་ཆོག་མཆན་མེད་པར་མཁའ་དབྱིངས་སུ་བཏང་པའི་འཕྲུལ་ཆས་རིགས་དང་། པར་ལེན། སྒྲ་འཇུག་སོགས་བྱེད་མི་ཆོག་པ་སོགས་འཁོད་འདུག
གལ་ཏེ། སུ་འདྲ་ཞིག་གིས་བྱེད་མི་ཆོག་པ་དེ་རིགས་ལས་འགལ་འཛོལ་བྱས་ཚེ་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་ནན་པོ་བྱ་རྒྱུ་མ་ཟད། རྩ་ཁྲིམས་དང་འགལ་འཛོལ་བྱས་པའི་བྱ་སྤྱོད་ཞིག་ཡིན་ཚེ་ཁྲིམས་དོན་ལས་འཛིན་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་སོགས་བསྒྲགས་ཡོད་པ་རེད།
བརྡ་ཁྱབ་འདི་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་བདེ་ལས་ཁུངས་དང་ཚོང་དོན་ལས་ཁུངས། ཡུལ་སྐོར་འཕེལ་རྒྱས་ལས་ཁུངས། ཕྱི་འབྲེལ་གཞུང་དོན་ཁང་། ལུས་རྩལ་ཚན་པ། ས་མཚམས་ཀྱི་འགྲོ་འོང་བརྟག་དཔྱད་ཀྱི་སྤྱི་ཁྱབ་ས་ཚིགས་བཅས་ཐུན་མོང་གིས་སྤེལ་བ་ཞིག་རེད་འདུག གནད་དོན་དབྱེ་ཞིབ་པ་ཚོས་བཀག་རྒྱ་འདི་དག་ནི་བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་ཆེ་རུ་གཏོང་རྒྱུའི་སྲིད་བྱུས་གཏན་འབེབས་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། དམ་དྲག་འདི་དག་ཟླ་བ་འགའ་ཤས་ཙམ་མིན་པར་བོད་ནང་མུ་མཐུད་དུ་གནས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
དེ་མིན་ཡང་བོད་ཀྱི་ས་མཚམས་ཁུལ་གྱི་དམག་ཤུགས་ནུས་པ་གོང་མཐོར་གཏོང་ཆེད་རྒྱ་ནག་དམར་ཤོག་གཞུང་གིས་གོ་མཚོན་དང་དམག་དོན་གྱི་ཡོ་བྱད་སྔོན་ཐོན་ཁག་བོད་ནང་ཚོད་ལྟ་དང་བེད་སྤྱོད་བྱེད་བཞིན་ཡོད་འདུག་པ་འདིའི་ཐོག་མིང་བཏོན་གནང་འདོད་མེད་པའི་ལྷ་སའི་གྲོང་མི་ཞིག་གིས་བརྗོད་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་རྒྱ་ནག་གི་དམག་དོན་ཐད་འཕུར་གནམ་གྲུ་རྟག་ཏུ་ཚོད་ལྟའི་འཕུར་སྐྱོད་བྱེད་ཀྱི་ཡོད་པ་མ་ཟད། མཚན་མོ་ཡང་ཐད་འཕུར་གནམ་གྲུའི་ཚོད་ལྟ་ཐེངས་མང་བྱས་པ་འདིར་སུན་སྣང་བྱེད་བཞིན་འདུག
སྔ་ལོ་སྤྱི་ཟླ་བཅུ་གཉིས་པའི་ནང་བོད་ལྗོངས་དམག་ཁུལ་ཁང་གི་ཐད་འཕུར་གནམ་གྲུ་གསར་རྙིང་བརྗེ་པའི་མཛད་སྒོ་ཞིག་གི་ཐོག རྒྱ་ནག་གིས་བཟོས་པའི་(Z20)རྟགས་ཅན་གྱི་དམག་གི་ཐད་འཕུར་གནམ་གྲུ་འདི་བཞིན་ཡོངས་ཁྱབ་ངང་སྟོན་ཡོད་ཅིང་། ཡང་ཉེ་ཆར་རྒྱ་ཡིག་གི་བརྒྱུད་ལམ་མང་པོས་གནས་ཚུལ་སྤེལ་པའི་ནང་རྒྱ་ནག་གིས་བཟོས་པའི་(Z20)རྟགས་ཅན་གྱི་དམག་གི་ཐད་འཕུར་གནམ་གྲུ་འདི་ས་བབ་མཐོ་ལ་རྙོག་ཟིང་ཆེ་བའི་ཁུལ་དུ་འཕུར་སྐྱོད་ཀྱི་སྦྱོང་བརྡར་བྱས་སྐོར་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨི་ཌར་བཞི་སྟོང་ལྷག་ཙམ་གྱི་གནས་སྟངས་འོག་(Z20)རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་འདིས་གངས་རི་དང་གྲོང་རོང་དོག་པོའི་ཁུལ་དུ་འཕུར་སྐྱོད་ཐུབ་པ་མ་ཟད། རི་ཐང་སྟེང་དུ་འབབ་ཐུབ་པ་སོགས་དམིགས་བསལ་ཁྱད་ཆོས་ནུས་པ་ཡོད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་ས་བྱི་ལོའི་བོད་ཁམས་ཡོངས་ཀྱི་ཞི་རྒོལ་ཆེན་མོའི་རྗེས། བོད་ནང་དང་ས་མཚམས་ཁུལ་བཅས་བར་རྒྱ་ནག་གིས་དམ་དྲག་ཆེ་རུ་བཏང་བར་བརྟེན་འདས་པའི་ལོ་ཤས་ནང་བོད་མི་བཙན་བྱོལ་དུ་ཕེབས་ཐུབ་མཁན་ཉུང་ཤས་ལས་བྱུང་མེད་པ་དང་། བོད་ནས་བོད་མི་ཚོ་༧གོང་ས་མཆོག་ལ་མཇལ་ཁ་དང་གསུང་ཆོས་ཞུ་རུ་ཡོང་བ་དང་། ན་གཞོན་རྣམས་སློབ་གཉེར་ཆེད་དུ་ཕེབས་ཀྱི་ཡོད་ཀྱང་ད་ཆ་ཤིན་ཏུ་དམ་དྲག་ཆེན་པོ་ཡོད་མུས་ཡིན་པ་རེད།