གཟུངས་འདུས་སྐྱབས་ལན་ཀྲོའུ་སྨན་ཁང་ན་ཡོད་འདུག
2012.12.24
འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཉེ་ལམ་སྤྱི་ཟླ་༡༢པའི་ཚེས་༢ཉིན་མདོ་སྨད་ཀན་ལྷོ་འབོ་ར་ས་གནས་སུ་རང་ལུས་མེར་བསྲེགས་གནང་མཁན་གཟུངས་འདུས་སྐྱབས་ལགས་ཀྱིས་རྒྱ་ནག་གི་དམ་དྲག་སྲིད་ཇུས་ལ་ཞི་རྒོལ་མེ་བསྲེགས་བཏང་རྗེས་ཀན་ལྷོ་གཙོས་གྲོང་ཁྱེར་གྱི་སྨན་ཁང་ལ་ཁྱེར་ཡོད་ཀྱང་། དེ་ནས་འགན་ལེན་བྱེད་མ་ཐུབ་པར་བརྟེན་རྒྱ་ནག་ཉེན་རྟོག་པས་ལན་ཀྲོའུ་གྲོང་ཁྱེར་གྱི་སྨན་ཁང་ཏུ་ཁྲིད་ཡོད་པ་དང་། ཉེ་ཆར་ཁོང་གི་ཕ་མ་གཉིས་ཀ་སྨན་པ་དང་ཉེན་རྟོག་པས་འབོད་འགུགས་བྱས་ནས་གཟུངས་འདུས་སྐྱབས་གསོན་པོར་འཚོ་བ་ལ་ཁོང་གི་རྐང་པ་གཉིས་གཅོད་དགོས་བས་དེ་ལ་ཕ་མ་གཉིས་ཀྱིས་མིང་རྟགས་བཀོད་དགོས་པ་བཤད་ཡོད་ཀྱང་། སྐབས་དེར་ཕ་མ་གཉིས་ཁོ་ལ་དངོས་སུ་ཐུག་འཕྲད་བྱེད་དུ་མ་བཅུག་པར་སྨན་ཁང་གི་ཤེལ་སྒོའི་ནང་ནས་བལྟ་རུ་བཅུག་ཡོད་པ་རེད་འདུག
གཞན་༢༠༡༢ལོའི་སྤྱི་ཟླ་༡༠པའི་ཚེས་༢༠ཉིན་འབོ་རའི་ལྷ་མོ་སྐྱབས་ཀྱིས་རང་ལུས་མེར་བསྲེགས་གནང་ཉིན་གྱི་ཕྱི་དྲོ་ཁོང་གི་གྲོགས་པོ་པདྨ་ཚེ་དབང་ལགས་ཁ་པར་གྱི་ལམ་ནས་རྒྱ་ནག་གི་ཉེན་རྟོག་པས་འབོད་བརྡ་བཏང་བ་དང་མཉམ་ཨ་མཆོག་ས་གནས་སུ་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་དང་། དེ་ནས་ད་ལྟ་ས་གནས་གང་དུ་བཙོན་འཇུག་བྱས་མིན་དང་འཕྲོད་བསྟེན་གྱི་གནས་བབ་སོགས་ཤེས་རྟོགས་མེད་པེ་ལུས་ཡོད་འདུག
དེ་ཙ་ན་འབོ་ར་ས་གནས་སུ་དེང་སང་སྲིད་གཞུང་གི་ལས་བྱེད་པ་ཚོ་ཆ་བགོས་བྱས་ནས་དམ་དྲག་དང་སྐོར་སྲུང་དང་། ཡར་ལངས་དོན་རྐྱེན་མི་ཡོང་བར་སྔོན་འགོག་འགན་ཁུར་ལེན་བཅུག་བཞིན་པ་རེད་འདུག