༧གོང་ས་མཆོག་གིས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་བཙུཊ་པ།
2014.09.24

ཨེ་ཤེ་ཡ་རང་དབང་རླུང་འཕྲིན
༧གོང་ས་མཆོག་གིས་འགྲོ་བ་མི་སྤྱིའི་བདེ་སྡུག་ཐད་བསམ་བློ་གཏོང་རྒྱུར་མི་རེ་ངོ་རེར་འགན་ཡོད་པ་གསུངས་འདུག
དེ་ཡང་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༩ ཚེས་ ༢༤།༢༦ བཅས་ཉིན་གྲངས་གསུམ་རིང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་༥༠༠༠ལྷག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོ་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་འདུག། གསུང་ཆོས་ཀྱི་ཐོག་མར་ཐེ་ལན་ཌེ་དང་། ཝེ་ཏི་ནམ། རྒྱ་སྐད་བཅས་སྐད་རིགས་ཁག་གཅིག་གི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་པ་དང་། དེ་རྗེས་དངོས་གཞིའི་གསུང་ཆོས་དབུ་འཛུགས་མ་གནང་གོང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་སྩལ་འདུག དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན་དུ། འགྲོ་བ་མིའི་རིགས་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཆགས་པ་དང་། དཔེར་ན། མི་སྒེར་པ་སོ་སོའི་མི་ཚེ་ཡང་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད་སྟབས་མི་ནུས་སྟོབས་ཆེ་བ་དང་འབྱོར་ལྡན། ཤེས་ཡོན་ཅན་སུ་ཞིག་ཡིན་རུང་རང་ཉིད་གཅིག་པུར་འཚོ་ཐབས་མེད་ལ་ དེ་བཞིན་དེང་སྐབས་འཛམ་གླིང་འདིའི་ནང་དཔལ་འབྱོར་གྱི་ཐད་ནས་རྒྱལ་ཁབ་ཡོངས་རྫོགས་འབྲེལ་བ་ཆགས་ཡོད་སྟབས་ས་ཁུལ་གཅིག་ལ་དཀའ་ངལ་འཕྲད་སྐབས་ས་ཁུལ་གཞན་དེར་རང་བཞིན་གྱིས་དཀའ་ངལ་སླེབས་ཡོད་པར་སོང་། འཛམ་གླིང་གཅིག་གྱུར་ཐོག་འགྲོ་དགོས་ཀྱི་འདུག་མ་གཏོགས་མི་རིགས་གཅིག་དང་སྒེར་པའི་གནས་སྟངས་འོག་འགྲོ་གི་མི་འདུག་ཅེས་ནན་བརྗོད་གནང་འདུག དེ་དང་དེ་བཞིན་ཁོར་ཡུག་སྐོར་གསུངས་སྐབས། གོང་ས་མཆོག་གིས་ཚ་དྲོད་ཀྱི་རྐྱེན་པས་འབྱུང་བ་འཁྲུག་པ་དེ་དག་འཛམ་གླིང་སྤྱིར་ཐུག་ཡོད་པ་རེད་མ་གཏོགས་ཆོས་ལུགས་དང་ཆོས་དད་ཡོད་མེད་ཀྱིས་དབྱེ་འབྱེད་གཏོང་གི་མེད་པ་དང་། དེར་བརྟེན་ཁོར་ཡུག་གི་གནས་སྟངས་འོག་ནས་འཛམ་གླིང་འདི་སྐྱིད་མཉམ་དང་སྡུག་མཉམ་ཞིག་རང་བཞིན་གྱིས་ཆགས་ཀྱི་འདུག དེ་ལྟ་བུའི་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་ང་ཚོ་ཚང་མས་སྤྱི་བར་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སོགས་བཀའ་སློབ་བསྩལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཞིབ་ཕྲ་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ནས་གནས་ཚུལ་བཏང་བར་གསན་རོགས།