རྒྱ་ནག་ནང་འབར་གས་དོན་རྐྱེན་བསྟུད་མར་བྱུང་བ།
2015.10.01
༄༅།ཟླ་༩ཚེས་༣༠ཉིན་རྒྱ་ནག་གི་བཅུ་པའི་ཚེས་གཅིག་རྒྱལ་བཙུགས་དུས་ཆེན་སྔ་ནུབ་ཏུ་ཀོང་ཤི་ལུའུ་ཁྲེང་རྫོང་དུ་བསྟུད་མར་འབར་གས་༡༧་ཙམ་བྱུང་སྟེ་དོན་རྐྱེན་དེའི་ནང་ཉུང་མཐར་མི་༧་རྐྱེན་འདས་ཕྱིན་པ་དང་། མི་༢ལ་རྨས་སྐྱོན་ཚབས་ཆེ་ཕོག་པ། གཞན་མི་༥༡ལ་རྨས་སྐྱོན་ཕོག་ཡོད་པ་རེད། གོང་གསལ་འབར་གས་ཀྱི་དོན་རྐྱེན་དེའི་ནང་ཤི་རྨས་བྱུང་བའི་གནས་ཚུལ་དེ་སྐབས་དེ་རང་དུ་ལུའུ་ཀྲའོ་ས་ཁུལ་ཉེན་རྟོག་པས་འབྲེལ་ཡོད་གསར་འགོད་ལྷན་ཚོགས་སར་གསལ་བསྒྲགས་བྱས་ཡོད་པ་དང་། ས་གནས་ཉེན་རྟོག་པས་དོན་རྐྱེན་དེའི་དོགས་ཡོད་མི་སྣ་ལོ་༣༣་ཡིན་པའི་རུས་མིང་ཝུད་ཟེར་བ་ཞིག་འཇུ་བཟུང་བྱས་པ་དེ་ནི་ལུའུ་ཀྲའོ་ས་ཁུལ་གྱི་མི་ཡིན་ལུགས་བཤད་ཡོད་པ་རེད། སྐབས་དེའི་འབར་གས་བྱུང་སའི་ས་ཆ་ནི་ཚོང་གཉེར་ཁུལ་དང་། བཙོན་ཁང་། ཏ་ཕུའུ་གྲོང་བརྡལ་གྱི་སྲིད་གཞུང་། རླངས་འཁོར་བབས་ཚུགས། སྨན་ཁང་། ཕྱུགས་རིགས་ལས་ཁང་གི་ཉལ་ཁང་། སྔོ་ཚལ་ཁྲོམ་རྭ། ནད་ཡམས་སྔོན་འགོག་ལྟེ་གནས་ཁང་སོགས་སྤྱི་སྤྱོད་ཀྱི་གནས་ཡུལ་༡༠་ཙམ་ལ་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་པ་རེད། འབར་རྫས་དེ་ཚོ་དོགས་གཞི་ཅན་གྱི་མིས་མི་གཞན་ལ་མྱུར་སྐྱེལ་ཡིག་ཟམ་བསྐུར་ནས་ལག་བསྟར་བྱས་པ་ཞིག་ཡིན་པ་ཉེན་རྟོག་ཕྱོགས་ནས་བཤད་འགྲེལ་བྱས་ཡོད་པ་རེད།
ཡང་དེ་རིང་ཟླ་༡༠ཚེས་༡་ཉིན་ཚོུད་༨་པ་ཡས་མས་ཤིག་ལ་ཀོང་ཤི་ལུའུ་ཀྲའོ་ལ་སླར་ཡང་འབར་གས་དོན་རྐྱེན་བྱུང་སྟེ་མི་མང་གི་སྡོད་ཁྱིམ་འགའ་ཞིག་ལ་གཏོར་སྐྱོན་ཕོག་ཏེ་ཁང་པའི་རྩིག་རྡོ་དང་སོ་ཕག་ཆག་རོ་གཞུང་ལམ་སྟེང་ལྷུངས་ཡོད་པ་རེད། ད་ལམ་ཉིན་གཉིས་རིང་ལུའུ་ཀྲའོ་གྲོང་ཁྱེར་ལུའུ་ཁྲེང་རྫོང་དུ་ཁྱོན་འབར་གས་དོན་རྐྱེན་༡༨་བྱུང་ཡོད་པ་རེད། ལུའུ་ཀྲའོ་ཉེན་རྟོག་ལས་ཁང་གིས་མི་མང་མང་ཚོགས་ལ་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་མི་གཞན་གྱིས་ཡིག་ཟམ་བསྐུར་དངོས་རིགས་གང་བྱུང་རྩིས་ལེན་བྱེད་རྒྱུ་མེད་པ་སོགས་ཀྱི་འབོད་སྐུལ་བྱེད་པ་དང་འབྲེལ་ ཡིག་ཟམ་བསྐུར་དངོས་རིགས་ལ་བརྟག་དཔྱད་ནན་ཏན་བྱེད་དགོས་པ་ནན་སྐུལ་བྱས་ཡོད་པ་རེད། གསར་འགོད་པ་འཇམ་དཔལ་ཕུན་ཚོགས།