ཊུ་ཊུ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པ།
2011.10.02
༄༅༎ལྷོ་ཨཕྤ་རི་ཀའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་ཞི་བདེའི་དེད་དཔོན་ཌིསེ་མོནྜི་ ཊུ་ཊུ་མཆོག་དགུང་ལོ་བརྒྱད་བཅུར་ཕེབས་པའི་འཁྲུངས་སྐར་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཕེབས་ཐུབ་མིན་གྱི་དཀའ་རྙོག་ད་དུང་ཡང་སེལ་མེད་པ་རེད༎
ཌེསེ་མོནྜི་མཆོག་གིས་འཁྲུངས་སྐོར་ཕྱི་ཟླ་བཅུ་པའི་ཚེས་བརྒྱད་ནས་ཉིན་གསུམ་རིང་སྲུང་བརྩིའི་མཛད་འཆར་བཀོད་ཟིན་ཡང་གཞུང་གིས་ད་ལྟའང་༸གོང་ས་མཆོག་ལ་ཐོངས་མཆན་ཕུལ་མེད་པར་བརྟེན། ཆོས་དཔོན་ཊུ་ཊུ་མཆོག་དེ་སྔ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་གདོང་ལེན་གནང་སྐབས་ལྟར་སླར་ཡང་གཞུང་ལ་མཛད་དཀའི་རང་བཞིན་དུ་གྱུར་ཡོད་པར་བརྟེན་ དགའ་སྤྲོའི་འདུ་འཛོམས་དེ་བཞིན་དོན་མེད་གླེང་གཞིའི་རང་བཞིན་དུ་གྱུར་ཡོད་པ་དེར་ཧ་ཅང་གི་བློ་ཕམ་ཡོད་ཅེས་ཊུ་ཊུའི་ཞི་བདེའེ་ལྟེ་གནས་ཁང་གིས་ཚོགས་གཙོ་ ཌི་མི་ས་ ཡིས་གསུངས་གནང་འདུག ༸གོང་ས་མཆོག་གིས་ཊུ་ཊུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་གསུངས་བཤད་གནང་རྒྱུ་གཙོས་པའི་མཛད་འཆར་ཁག་གསུམ་གོ་སྒྲིགས་ཞུས་ཡོད་རེད། གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་ཕྱི་ལོ་༢༠༠༩ལོར་ཡང་༧གོང་ས་མཆོག་ལ་ཐོངས་མཆན་ཕུལ་མེད་པ་རེད། གཞུང་གིས་ད་ལྟའི་སྐབས་སུའང་༸གོང་ས་མཆོག་ལ་མཐོང་མཆན་ཕུལ་ཐུབ་མིན་དགོངས་བཞེས་གནང་མུས་ཡིན་ལུགས་གསུངས་ཡོད་ཀྱང་གོ་སྒྲིག་ཞུ་མཁན་ཚོ་ཉི་མཚན་མ་འཁྱོལ་བའི་གནས་སུ་གྱར་ཡོད་འདུག གལ་སྲིད་འཛིན་གཞུང་གིས་མཐོང་་མཆན་མ་ཕུལ་ཚེ་ ༧གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་བཤད་ཐད་ཀར་རྒྱང་སྲིང་ཞུ་རྒྱུའི་གོ་སྒྲིག་ཞུ་ཡི་ཡོད་འདུག། དེའི་དབར་ལ་ ལྷོ་ཨཕྤི་རི་ཀའི་དམངས་གཙོའི་སྲིད་འཛིན་ཐོག་མ་དང་ཌེསེ་མོནྜི་ ཊུ་ཊུ་མཆོག་གི་འཐབ་གྲོགས་ནེལྶོན་མནྡེ་ལ་མཆོག་གིས་ལས་ཁུངས་ནས་གསལ་བསྒྲགས་ཞི་སྤེལ་བའི་ནང་ ད་ཆ་རྒྱ་ནག་གིས་ལྷོ་ཨཕྤི་རི་ཀའི་ནང་སྲིད་ལས་ཐེ་བྱུས་མཚམས་འཇོག་དགོས་པའི་བརྡ་ལན་གཏོང་རྒྱུའི་དུས་ལ་བབ་ཡོད་ལུགས་གསུངས་གནང་འདུག༎