ཨ་རི་བ་འབྱོར་ལྡན་ཞིག་ནས་སོ་ནམ་འདེབས་ལས་ལ་རོགས་རམ།
2009.10.15
༄༅༎ཨ་རི་བ་འབྱོར་ལྡན་སྐུ་ཞབས་སྦིལ་གེཏ་སི་མཆོག་གི་ཐེབས་རྩ་ཁང་ནས་རྒྱ་གར་དང་ཨཕ་རི་ཀའི་ནང་སོ་ནམ་འདེབས་ལས་ཀྱི་ལས་འཆར་ལ་རོགས་རམ་གནང་རྒྱུ་ཡིན་འདུག
དེ་ཡང་ཨ་རི་བ་སྐུ་ཞབས་སྦིལ་གེཏ་སི་མཆོག་གི་ཐེབས་རྩ་ཁང་ནས་དེ་རིང་དྲིལ་བསྒྲགས་གནང་བར་གཞིར་བཟུང་ལྟར་ན་ཁོང་གི་ཐེབས་རྩ་ཁང་ནས་ཨཕ་རི་ཀའི་རྒྱལ་ཁབ་ཁག་ཅིག་ནང་སྟོན་ཐོན་འདེབས་ལས་དང་ལྷག་པར་དུ་ཁུལ་དེ་དག་གི་ནང་ཡོངས་ཁྱབ་བེད་སྤྱོད་བྱེད་བཞིན་པའི་ཞོག་ཁོག་མངར་མོ་དང་སོན་ལུད་བཟོ་རྒྱུའི་རིགས་ཅིག་འདེབས་ལས་བྱེད་རྒྱུར་མཐུན་འགྱུར་ཆེད་ཨ་སྒོར་ས་ཡ་བརྒྱ་དང་ཉི་ཤུ་ཙམ་གྱི་རོགས་དངུལ་གནང་འཆར་ཡོད་འདུག
ཁོང་གི་གསལ་བསྒྲགས་དེའི་ནང་ཞིང་པ་སྐྱོ་ཤོས་ཚོར་སོ་ནམ་འདེབས་ལས་དང་དེ་དག་ཁྲོམ་རའི་ནང་ཕྱིར་ཚོང་བྱེད་རྒྱུར་རོགས་རམ་བྱེད་པ་དེ་བརྒྱུད་ནས་འཛམ་གླིང་ནང་ཉམ་ཐག་དང་བཀྲེས་སྐོམ་གྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཡུ་གན་དྲའི་ནང་ཞིང་པ་ཚོས་ལག་ཐོག་ཁ་པར་བརྒྱུད་ནས་སྟོན་ཐོག་ཚོང་འགྲེམས་བྱེད་རྒྱུའི་དམིགས་བསལ་ལས་འཆར་ཐོག་མཐུན་འགྱུར་བྱེད་རྒྱུ་དང་རྒྱ་གར་ནང་གྲོང་ཁྱེར་གསེབ་བུད་མེད་ཚོ་མཉམ་རུབ་ཀྱི་ཐོག་ནས་ཆུའི་ཐོན་སྐྱེད་དང་བེད་སྤྱོད་བྱེད་ཕྱོགས་སོགས་ཀྱི་དམིགས་བསལ་ལས་འཆར་ཁག་སྦྱོང་བརྡར་དང་ལས་འཆར་བརྒྱུད་ནས་ཞིང་ལས་འདེབས་ཕྱོགས་སོགས་ལ་ཚན་རིག་གི་ཐོག་ནས་ཁེ་ཕན་ཡོང་རྒྱུ་ཡིན་ལུགས་བཀོད་ཡོད་པ་མ་ཟད་གཞན་ཡང་གྷ་ན་དང་ཀེན་ཡ་ ཧན་ཛ་ནི་ཡ་སོགས་ཨཕ་རི་ཀའི་རྒྱལ་ཁབ་ཁག་ཅིག་ལ་རོགས་རམ་གནང་འཆར་ཡོད་འདུག སྐུ་ཞབས་སྦིལ་གེ་དྲིས་མཆོག་ནི་ཨ་རིའི་ནང་གློག་ཀླད་འཕྲུལ་རིགས་གསར་གཏོད་བྱེད་མཁན་ཐོག་མ་དེ་ཡིན་པ་དང་ད་ཆ་འབྱོར་ལྡན་མི་སྣ་ཞིག་ཡིན་པ་ཙམ་དུ་མ་ཟད་འཛམ་གླིང་ཁྱོན་ཡོངས་ལ་ཁོང་གི་ཐེབས་རྩ་ཁང་ནས་རོགས་རམ་རྒྱ་ཆེ་གནང་བཞིན་ཡོད་པ་རེད།