འཇོ་བྷའེ་ཊན་དང་ཞི་ཅིན་ཕིང་རྣམ་གཉིས་མཇལ་འཕྲད་སྐབས་བོད་ཚུད་དང་ཤར་ཏུར་ཀིར་ཐན་སོགས་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པ་སྲིད་འཛིན་འཇོ་བྷའེ་ཊན་གྱིས་བརྗོད་འདུག

2023.11.16
འཇོ་བྷའེ་ཊན་དང་ཞི་ཅིན་ཕིང་རྣམ་གཉིས་མཇལ་འཕྲད་སྐབས་བོད་ཚུད་དང་ཤར་ཏུར་ཀིར་ཐན་སོགས་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པ་སྲིད་འཛིན་འཇོ་བྷའེ་ཊན་གྱིས་བརྗོད་འདུག འཇོ་བྷའེ་ཊན་དང་ཞི་ཅིན་ཕིང་རྣམ་གཉིས་མཇལ་འཕྲད་སྐབས་བོད་ཚུད་དང་ཤར་ཏུར་ཀིར་ཐན་སོགས་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པ་སྲིད་འཛིན་འཇོ་བྷའེ་ཊན་གྱིས་བརྗོད་འདུག ༢༠༢༣།༡༡།༡༥
Reuters Photo

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་ཏེ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། སྲིད་འཛིན་འཇོ་བྷའེ་ཊན་གྱིས། རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་ཡོད་པའི་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་བརྗོད་འདུག འདི་ཚེས་༡༥ ཉིན་ཨ་རིའི་(California)མངའ་སྡེའི་ནང་མཇལ་འཕྲད་དང་འབྲེལ་བའི་སྐོར་ཨ་རིའི་ཕོ་བྲང་དཀར་པོས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཞི་ཅིན་ཕིང་དང་མཇལ་འཕྲད་སྐབས། སྲིད་འཛིན་འཇོ་བྷའེ་ཊན་གྱིས། འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་རང་བཞིན་སྐོར་བརྗོད་དེ། འཛམ་གླིང་གི་རྒྱལ་ཁབ་ཚང་མས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པའི་འགན་འཁྲི་ཡོད་པ་བརྗོད་འདུག་པ་མ་ཟད། བོད་ཚུད་པའི་ཤར་ཏུར་ཀིསི་ཐན་དང་། ཧོང་ཀོང་། ཐའེ་ཝན་བཅས་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པ་བརྗོད་འདུག

དེའི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཨ་རིའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དེ་རྩ་ཆེན་ཞིག་ལ་ངོས་འཛིན་གྱིས། ད་རེས་རྒྱ་ནག་གི་སྲིད་འཛིན་ལྷན་དུ་གླེང་སློང་གནང་བར་ཐུགས་རྗེ་ཞུ་བ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ཙམ་མ་ཟད་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོང་ཐབ་མུ་མཐུད་རྡོག་རོལ་གཏོང་བཞིན་པ་དེ་ནི་འཛམ་གླིང་གི་དཀའ་རྙོག་ཞིག་ཀྱང་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་འགྲེལ་བརྗོད་གནང་བྱུང་།

ཡང་ད་རེས་འཇོ་བྷའེ་ཊན་དང་ཞི་ཅིན་ཕིང་རྣམ་གཉིས་མཇལ་འཕྲད་དང་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཞི་ཅིན་ཕིང་གི་དབང་བསྒྱུར་འོག་བོད་ནང་ཛ་དྲག་གི་གནས་སྟངས་སྐབས་དེར་སྲིད་འཛིན་འཇོ་བྷའེ་ཊན་གྱིས། ཁོང་དང་ཐུགས་འཕྲད་གནང་གི་ཡོད་པ་དེ་ནི། བོད་ལྟ་བུ་མཚོན་ན། ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་མ་ཟད། ངེས་པར་དུ་སྲིད་འཛིན་གཉིས་ཀྱི་དབར་བོད་དོན་གླེང་སློང་གནང་དགོས་གལ་ཆེ་བའི་སྐོར་འཁོད་འདུག་པ་དང་། དེ་སྔོན་༢༠༢༠་ལོར་སྲིད་འཛིན་བྷའེ་ཊན་གྱིས་འོས་བསྡུའི་དྲིལ་བསྒྲགས་སྐབས། ཁོང་གིས། རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་ལྷན་དུ་གྲོས་མོལ་ཡོང་བར་ཤུགས་གནོན་རྒྱག་རྒྱུ་ཡིན་པ་བརྗོད་པ་བཞིན་ད་རེས་འདི་ལྟར་གནང་ཐུབ་པའི་རེ་བ་ཡོད་པ་འཁོད་འདུག

ཨ་རིའི་རང་དབང་ཁང་པས་སྤྱིས་ལོ་ ༢༠༢༣ ལོའི་འཛམ་གླིང་ནང་གི་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་། བོད་ནི་རང་དབང་མེད་པའི་ཡུལ་ལུང་ཆེས་སྡུག་ཤོས་གྲས་སུ་མིང་འདོན་བྱས་ཡོད་པ་མ་ཟད། བོད་དོན་ལས་འགུལ་བསྟི་གནས་ཁང་གིས། སྤྱི་ལོ་ ༢༠༢༢ ལོར་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ལོ་ ༦ ནས་ ༡༨ ལ་སོན་པའི་བོད་ཕྲུག་རྣམས་བཙན་གྱིས་རང་གི་ཕ་མ་དང་ཁ་བྲལ་བཅུག་སྟེ་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཁག་ཏུ་སློབ་འཇུག་བྱེད་བཞིན་ཡོད་པ་གསལ་སྟོན་ཡོད་པ་རེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པར་གཞིགས་ན། ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱས་པ་ནས་བཟུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་ལྟེ་གནས་ཁང་དེ་ཉིད་ཀྱི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ཀྱིས་འགྲེལ་བརྗོད་གནང་ཞིང་། དཔེར་ན། འདི་ལོའི་སྤྱི་ཟླ་༡༠ དང་༡༡ བཅས་ཟླ་བ་གཉིས་ཀྱི་ནང་། གཞིས་ཀ་རྩེ་ནས་ཡིན་པའི་བོད་མི་བསམ་འཕེལ་ལགས་ཚུད་བོད་ནང་བོད་མི་བརྒྱད་གར་སོང་ཆག་མེད་དུ་གྱུར་ཡོད་པ་མཁྱེན་རྟོགས་བྱུང་བ་ལས། ད་དུང་ཁ་གྲང་དེ་ལས་མང་བ་ཡོད་སྲིད་པ་འགྲེལ་བརྗོད་གནང་སོང་།

ཡང་འདི་ཚེས་༡༥་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཨ་མི་རི་ཀའི་སྲིད་འཛིན་འཇོ་བྷའེ་ཊན་གྱིས། སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་སྐབས། བོད་རྒྱ་དཀའ་རྙོག་དེ་བཞིན་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་གླེང་སློང་ཡོང་བའི་སྐོར་སྤྱི་འཐུས་ཚོགས་གཙོས་Twitter དྲ་ལམ་བརྒྱུད་འབོད་སྐུལ་ཞུས་འདུག

ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲིས་དར་བརྒྱད་ལགས་ཀྱིས། ད་ལྟའི་རྒྱ་ནག་གཞུང་འདི་ནི་ཡིད་ཆེས་བྱེད་ཡུལ་གི་གཞུང་ཞིག་མིན་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཨ་རིའི་སྲིད་འཛིན་མཆོག་ལ་རྒྱ་ནག་དང་ལྷན་དུ་བོད་དོན་གླེང་སློང་ཡོང་བའི་སྐོར་སྔར་རྗེས་བར་གསུམ་དུ་འབོད་སྐུལ་ཐེངས་མང་ཞུས་ཡོད་པ་འགྲེལ་བརྗོད་གནང་སོང་།

ཡང་གོང་ཞུས་ཨ་རིའི་ཕོ་བྲང་དཀར་པོའི་ཡོང་ཁྱབ་གསལ་བསྒྲགས་དེའི་ནང་། སྲིད་འཛིན་འཇོ་བྷའེ་ཊན་གྱིས། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་འཛིན་བྱེད་ཕྱོགས་ཐད་གྱུར་བ་གང་ཡང་ཕྱིན་མེད་ནའང་། ཐའེ་ཝན་མཚོ་ཁའི་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་ནི་འཛམ་གླིང་གི་ཁེ་ཕན་དང་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ལ། རྒྱ་ནག་གཞུང་གིས། ཐའེ་ཝན་ཁུལ་དུ་དམག་དོན་ལས་འགུལ་སྤེལ་བར་ཚོད་འཛིན་དགོས་པའི་ནན་བརྗོད་བྱས་འདུག 

གཞན་ཡང་ད་རེས་འཇོ་བྷའེ་ཊན་དང་ཞི་ཅིན་ཕིང་གཉིས་ཀྱི་མཇལ་འཕྲད་དེ་ནི་ཨ་མི་རི་ཀས་མགྲོན་བདག་གནང་བའི་Asia-Pacific Economic Cooperation (APEC)་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཀྱིས་ཞོར་དུ་མཇལ་འཕྲད་གནང་བ་ཞིག་ཡིན་པ་དང་། ལྷག་དོན་དུ་ད་རེས་མཇལ་འཕྲད་སྐབས་ཕྱོགས་གཉིས་དབར་དམག་དོན་གྱི་འབྲེལ་ལམ་སླར་གསོ་ཡོང་བའི་གྲོས་མོལ་བྱུང་འདུག

 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎