རྒྱ་ནག་ནས་ཨ་རིའི་ལངས་ཕྱོགས་ལ་བློ་འཚབ་དང་དྭོགས་ཟོན།
2011.11.19
༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་དེང་སྐབས་རྒྱ་ནག་ཐོག་ལངས་ཕྱོགས་འཁྲེག་པོ་འཛིན་བཞིན་པ་དེ་ཡིས། རྒྱ་ནག་གཞུང་ལ་བློ་འཚབ་དང༌དྭོགས་ཟོན་ཆེན་པོ་བྱེད་དགོས་པ་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་དེང་སྐབས་ཨ་རིའི་སྲིད་འཛིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཉེན་ཤས་སྔོན་ཨོས་ཀྲོརོ་ལི་ཡའི་ནང་ཕེབས་བསྐྱོད་ཀྱིས་ཡུལ་དེའི་གྲོས་ཚོགས་ཚང་འཛོམས་ཐོག་གསུང་བཤད་གནང་བའི་ནང༌། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་ཡོང་གཞི་ཆགས་ཀྱི་ཡོད་པ་དེར། ཨ་རིའི་ཕྱོགས་ནས་ཁ་གཏད་གདོང་ལེན་གཅོག་རྒྱུ་ཡིན་ཞེས། དེང་སྐབས་མངའ་ཁུལ་དེར་ཡོད་པའི་རྒྱལ་ཁབ་མང་པོར་རྒྱ་ནག་གཞུང་གིས་དྲག་པོའི་རྡིག་སྐུལ་བྱེད་བཞིན་པ་དེར་མངའ་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་ཉེན་ཁ་བཟོ་གཞི་ཆགས་ཀྱི་ཡོད་པའི་ངོས་འཛིན་གྱི་གཏམ་བཤད་གནང་བ་དང་ཆབས་ཅིག དངོས་སུ་ཨོས་ཀྲོརོ་ལི་ཡའི་བྱང་ཕྱོགས་སུ་ཨ་རིའི་མཚོ་དམག་དཔུང་སྡེའི་གཏན་གཞི་ཞིག་འཛུགས་རྒྱུ་དང༌། ཡང་རྒྱ་ནག་ཕུད་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཅིག་མཉམ་ཨ་རིའི་ཕྱོགས་ནས་ཚོང་འབྲེལ་མཐུན་ཚོགས་གསར་པ་ཞིག་འཛུགས་རྒྱུའི་གསལ་བསྒྲགས་གནང་བ་དེ་དག་གིས། རྒྱ་ནག་གཞུང་ལ་བློ་ཚབས་དང་དྭོགས་ཟོན་ཆེན་པོ་བྱེད་དགོས་པ་བཟོས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་དེང་སྐབས་ཡུལ་དེའི་ནང་ཡོད་པའི་མཁས་པ་ཁག་ཅིག་ལ་ གནད་དོན་འདིའི་ཐད་ཞིབ་འཇུག་གིས། ཨ་རིའི་ལངས་ཕྱོགས་གསར་པ་དེར་ལན་འདེབས་ཇི་ལྟར་བྱེད་ན་ལེགས་པའི་ཐབས་ལམ་ཞིག་བཙལ་དགོས་པའི་ལས་འགན་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག།