ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།
2008.12.01
༄༅༎ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ལུགས་གསུངས་འདུག
ཕེ་རན་སིའི་སྲིད་འཛིན་མཆོག་ནས་འདི་ཚེས་དྲུག་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་དེར་རྒྱ་ནག་གཞུང་ནས་ངོ་རྒོལ་གྱི་རྣམ་པའི་ཚུལ་དུ་འཆར་གཞི་སྔོན་གཏན་འཁེལ་བའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཚོགས་འདུའི་ཐོག་རྒྱ་ནག་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་ནས་ངོ་རྒོལ་དང་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་ཕེ་རན་སིའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུའི་འཆར་གཞི་འགྱུར་བ་གཏོང་རྒྱུ་མིན་ལུགས་གསུངས་ཡོད་པ་རེད། ཁ་ས་རེས་གཟའ་ཟླ་བའི་ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཧོ་སེ་མེ་ནོལ་སྦ་རོ་སོ་མཆོག་གིས་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་ལ་རྒྱ་ནག་གཞུང་གི་ངོས་ནས་བོད་དང་ཏཱ་ལའི་བླ་མ་མཆོག་གི་གནད་དོན་ཐོག་སླེབས་པའི་སྐབས་དུས་རྒྱུན་ནས་གནད་དགག་ཅིག་རྩིས་ཀྱི་ཡོད་རེད་ཡིན་ནའང་ཡུ་རོབ་རྒྱལ་ཁབ་ཚོའི་ཆབ་སྲིད་མི་སྣ་ཚོ་སུ་དང་མཇལ་འཕྲད་གནང་མིན་ཡང་ཐོབ་ཐང་ཡོད་པ་ཞིག་རེད། རྒྱ་ནག་ནས་འདི་ལྟབུའི་ཐག་ཆོད་བྱེད་དགོས་དོན་གང་ཡང་མཐོང་གི་མི་འདུག དེ་འདྲ་ཡིན་དུས་རྒྱ་ནག་དང་ཡུ་རོབ་གཉིས་ཀའི་ངོས་ནས་བློ་རྒྱ་ཆེན་པོའི་ཐོག་ནས་དགོངས་པ་བཞེས་ནས་རྙོག་ཁྲ་འདི་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་གང་ལྟར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་མཆོག་ནས་རྒྱལ་ཁབ་ཚོའི་དཔོན་རིགས་ཚོས་མི་སྣ་སུ་དང་སུ་མཇལ་འཕྲད་གནང་མིན་གྱི་ཐོབ་ཐང་ཆ་ཚང་ཡོད་པ་ཞིག་ཡིན་དུས་དེའི་ཐོག་རྒྱ་ནག་ངོས་ནས་བསམ་ཤེས་བྱ་དགོས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག་ཕྱོགས་གཉིས་ཀའི་ངོས་ནས་འབྲེལ་ལམ་སླར་གསོ་ཡོང་ཐབས་སུའང་མུ་མཐུད་ནས་འབྲེལ་བ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག