སྙན་གྲགས་ཅན་གྱི་ཡེ་ཤུའི་བཙུན་པ་ཐོ་མ་སེ་མར་ཊོན་སྐོར།
2008.10.23
༄༅༎དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཐོག་ཆོས་ལུགས་མཐུན་འབྲེལ་གྱི་ཐད་ནས་དོ་འཁུར་ཆེ་བཞེས་གནང་མཁན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ཨ་རིའི་ནང་ཆེས་སྙན་གྲགས་ཅན་གྱི་ཡེ་ཤུའི་བཙུན་པ་ཐོ་མ་སེ་མར་ཊོན་རྣམ་གཉིས་དབར་ལོ་ངོ་བཞི་ཅུ་གོང་རྒྱ་གར་ནང་ལྷན་མཇལ་གནང་པའི་ཡོངས་གྲགས་ཀྱི་སྐུ་དཔར་ཞིག་ཁ་ས་ཨ་རིའི་ཀེན་ཊ་ཀི་མངའ་སྡེའི་ལུཨི་ལྦིལ་གྲོང་ཁྱེར་ནང་ཡོད་པའི་ཆོས་ལུགས་མཐུན་འབྲེལ་གྱི་ལྟེ་གནས་ཤིག་གི་གྱང་ལྡེབས་སུ་དྲན་རྟེན་གྱི་མཚོན་དུ་སྐུ་དཔར་གྱི་འཕྲེད་དར་དཔྱངས་ཡོད་པའི་གནས་ཚུལ་ཐོན་འདུག
ཐོ་མ་སེ་མར་ཊོན་ཞུ་བས་ཡེ་ཤུའི་ཆོས་དཔོན་དེ་བཞིན་ཨ་རིའི་ཀེན་ཊ་ཀི་མངའ་སྡེའི་ནང་ཡོད་པའི་གེཐ་སི་མ་ནི་ཞེས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་ནས་ཡིན་ཞིང་ཁོང་གིས་ཆོས་ཉམས་ལེན་བྱ་ཕྱོགས་དང་སྨོན་ལམ་གསོལ་འདེབས་དེ་བཞིན་ཞི་བདེ་དང་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་འཕེལ་ཐབས་ཀྱི་ཕྱག་དེབ་མང་པོ་རྩོམ་བྲིས་དང་དཔར་བསྐྲུན་གནང་ཡོད་པ་རེད་ ༡༩༧༨ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་གཞོན་དུས་སྐབས་ཡེ་ཤུའི་བཙུན་པ་མར་ཊོན་ཞུ་བ་ཁོང་རྒྱ་གར་དུ་བསྐོར་བསྐྱོད་དུ་ཕེབས་སྟེ་༸གོང་ས་མཆོག་གི་ལྷན་དང་མཇལ་འཕྲད་ཐོག་མ་དེ་བྱུང་ཡོད་པ་རེད་ ཁོང་གིས་སྐབས་དེར་༸གོང་ས་མཆོག་མཇལ་འཕྲད་གནང་བ་དེའི་བརྒྱུད་རང་སོ་སོའི་ཕ་མེས་ཀྱི་ཆོས་བློས་བཏང་མི་དགོས་པའི་ཐོག་ནས་ཆོས་ལུགས་གཞན་གྱི་ལྟ་གྲུབ་ལ་སྦྱང་བཤད་ཇི་ལྟར་གནང་ཕྱོགས་སྐོར་རླབས་ཆེན་གྱི་ལམ་སྟོན་དང་མྱོང་ཚོར་ཆེན་པོ་བྱུང་ཞེས་ཁོང་གིས་རྩོམ་བྲིས་ནང་བཀོད་ཡོད་པ་རེད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཡེ་ཤུའི་བཙུན་པ་མར་ཊོན་ལྷན་དང་མཇལ་འཕྲད་གནང་བ་དེའི་བརྒྱུད་ཡེ་ཤུའི་གནམ་བདག་ཆོས་ལུགས་སྐོར་གོ་རྟོགས་ཀི་མཁྱེན་རྒྱ་ཆེན་པོ་བྱུང་ཡོད་པ་དང་ཁོང་ནི་ནང་ཆོས་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་དབར་མཐུན་འབྲེལ་གྱི་ཟམ་པ་ལྟ་བུར་ངོས་འཛིན་གནང་གི་ཡོད་པའི་སྐོར་༸གོང་ས་མཆོག་ནས་དེ་སྔ་ཁུལ་དེའི་ནང་ཆིབས་བསྒྱུར་སྐབས་དྲན་གསོ་ཞུས་གནང་འདུག ༸གོང་ས་མཆོག་དང་ཡེ་ཤུའི་བཙུན་པ་ཐོ་མ་སེ་མར་ཊོན་རྣམ་གཉིས་དབར་༡༩༦༨ལོར་མཇལ་འཕྲད་གནང་པའི་སྐུ་དཔར་དེ་ཆོས་ལུགས་མཐུན་འབྲེལ་གྱི་མཚོན་དོན་དུ་དཔར་བསྐྲུན་དང་འགྲེམས་སྤེལ་ཁྱབ་ཆེ་བྱེད་པའི་སྐུ་དཔར་ཞིག་ཏུ་གྱུར་ཡོད་ལ་ཁ་ས་ཚེས་ཉི་ཤུ་གཉིས་ཉིན་སྐུ་དཔར་དེ་འཕྲེད་དར་ཆེན་མོ་ཞིག་ཐོག་དཔར་སློག་ཞུས་སྟེ་ཀེན་ཊ་ཀི་མངའ་སྡེའི་རྒྱལ་ས་ལུཨི་ལྦིལ་གྲོང་ཁྱེར་རུ་ཡོད་པའི་ཆོས་ལུགས་རིས་མེད་ལྟེ་གནས་ཀྱི་གྱང་ལྡེབས་སུ་དཔྱངས་ཡོད་པ་རེད་ ཡེ་ཤུའི་བཙུན་པ་མར་ཊོན་ཁོང་༡༩༦༨ལོར་རྒྱ་གར་དུ་བསྐོར་བསྐྱོད་དུ་ཕེབས་པའི་དུས་ཚོད་དེ་རང་གློ་བུར་དགོངས་པ་རྫོགས་ནས་ཨ་རིར་ཕྱིར་ལོག་ཕེབས་ཐུབ་མེད་པ་རེད།