རྒྱ་ནག་གིས་ཨོ་སུ་ཁྲི་ལེ་ཡའི་རྩོམ་པ་པོ་ཡཱང་ལ་གསང་ཉུལ་བའི་ནག་ཉེས་གཡོཊ་འདུག
2019.08.27

རྒྱ་ནག་གིས་ཟླ་ཤས་གོང་འཛིན་བཟུང་བཀག་ཉར་བྱས་བའི་ཨོ་སུ་ཁྲི་ལེ་ཡའི་རྩོམ་པ་པོ་སྐུ་ཞབས་ཡཱང་ལ་གསང་ཉུལ་བའི་ནག་ཉེས་གཡོགས་འདུག
དེ་ཡང་(ABC)་ཞེས་པའི་ཨོ་སུ་ཁྲི་ལེ་ཡའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་དགུང་གྲངས་ལྔ་བཅུ་ང་བཞིར་ཕེབས་པའི་ཨོ་སུ་ཁྲི་ལེ་ཡའི་མི་སེར་ཡིན་པའི་རྒྱ་རིགས་རྩོམ་པ་པོ་དང་། སྲིད་དོན་དབྱེ་ཞིབ་པ་སྐུ་ཞབས་(Yang Hengjun)་ལོ་འདིའི་ཕྱི་ཟླ་དང་པོའི་ནང་འཛིན་བཟུང་གིས་དོ་དམ་འོག་བཞག་ཡོད་པ་དང་། ཟླ་༨་པའི་ཚེས་༢༣་ཉིན་ཁོང་གིས་གསང་ཉུལ་གྱི་ལས་ཀ་བྱས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་ཉེན་ཁ་བཟོ་གི་ཡོད་ལུགས་ཉེས་འཛུགས་བྱས་ཡོད་འདུག
གནད་དོན་དེའི་ཐད་ཨོ་སུ་ཁྲི་ལེ་ཡའི་ཕྱི་སྲིད་བློན་ཆེན་(Marise Payne)་མཆོག་གིས། ཨོ་སུ་ཁྲི་ལེ་ཡའི་མི་སེར་དང་རྩོམ་པ་པོ་ཞིག་འཛིན་བཟུང་བྱེད་པར་ང་ཚོ་བློ་ཕམ་ཆེན་པོ་བྱུང་ལ་ཁོང་གི་ནང་མིར་ཐུགས་གསོ་ཡོད། དོ་དམ་བྱེད་ཡུལ་དུ་གནས་སྟངས་དཀའ་ངལ་ཆེན་པོའི་འོག་འདས་པའི་ཟླ་བ་བདུན་ཙམ་རིང་ཟུར་འཇོག་བྱས་བའི་རིང་རྒྱུ་མཚན་གསལ་པོ་གང་ཡང་འགྲེལ་བཤད་རྒྱབ་མེད་པ་མ་ཟད། ཁོང་གི་ནང་མི་དང་ཁྲིམས་རྩོད་པ་སོགས་ཀྱང་ཐུག་འཕྲད་བྱེད་བཅུག་མེད་པ་རེད། དེ་འདྲ་ཡིན་དུས་ད་ལྟའི་ཆར་ཡང་ཁོང་གི་གནས་སྟངས་ག་འདྲ་ཡོད་མེད་སྐོར་ང་ཚོར་བློ་འཚབ་ཆེན་པོ་ཡོད། ང་ཚོས་རྒྱ་ནག་གི་འབྲེལ་ཡོད་ཚོར་གསལ་བོ་བཤད་ཡོད། གལ་སྲིད་ཁོང་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་འཛིན་བཟུང་བྱས་བ་ཞིག་ཡིན་ན་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་ཨོ་སུ་ཁྲི་ལེ་ཡའི་མི་སེར་ལ་ཉེས་བ་གང་ཡོད་སོགས་གསལ་ཁ་གང་ཡང་མེད་པར་འཛིན་བཟུང་ཉེས་འཛུགས་བྱས་ན་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པ་གསུངས་འདུག
ཡང་གོང་ཞུས་ཨེ་བྷི་སི་གསར་འགྱུར་ལས་ཁུངས་ནས། ཨོ་སུ་ཁྲི་ལེ་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་བཅར་འདྲི་ཞུས་ཡོད་ཀྱང་ད་བར་ལན་གསལ་གང་ཡང་མེད་ལུགས་བཀོད་འདུག
ད་རེས་འཛིན་བཟུང་བྱས་བའི་རྩོམ་པ་པོ་ཁོང་ཨོ་སུ་ཁྲི་ལེ་ཡའི་མི་སེར་ཡིན་པ་དང་། ད་ལྟའི་ཆར་ཁོང་དང་ཁོང་གི་ནང་མི་རྣམས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་(Colombia University)་གཙུག་ལག་སློབ་གཉེར་ཁང་དུ་ཆོད་གན་གྱི་ངོ་བོའི་ཐོག་ནས་སློབ་འཁྲིད་གནང་བཞིན་ཡོད་པ་ཞིག་ཡིན་འདུག འོན་ཀྱང་ཟླ་བ་བདུན་གོང་ཁོང་དང་ནང་མི་ཚོ་རྒྱ་ནག་གི་གྲོང་ཁྱེར་ཀོང་ཏུང་དུ་ཕེབས་པའི་སྐབས་ཧྲང་ཧའེ་བརྒྱུད་གནམ་གྲུ་བརྗེ་པོ་རྒྱབ་པའི་སྐབས་གློ་བུར་དུ་འཛིན་བཟུང་བྱས་ཡོད་འདུག