ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནས་བོད་དོན་ཐོག་ཉན་ཞིབ་གནང་བ།
2010.11.25
༄༅༎ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་ཟུང་འབྲེལ་གྱི་ཕྱི་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་གི་འགོ་འཁྲིད་མི་སྣའི་དབར་གྱི་བོད་རྒྱ་གྲོས་མོལ་གྱི་གནས་བབས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཉན་ཞིབ་ཞིག་གནང་ཡོད་པ་ཨའོསི་ཊརེ་ལི་ཡའི་ནང་གི་བཙན་བྱོལ་བོད་གཞུང་སྐུ་ཚབ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ཞིག་བོད་གཞུང་གི་དྲ་རྒྱའི་ཐོག་བཀོད་འདུག།
གྲོས་ཚོགས་གོང་འོག་ཟུང་འབྲེལ་གྱི་ཉན་ཞིབ་དེའི་ཐོག་། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས། ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤྭ་བསྟན་འཛིན་ཕུན་ཚོགས་ལགས་རྣམ་པ་གསུམ་མགྲོན་འབོད་ཞུས་པ་ལྟར། ཕྱི་ཟླ་༡༡ཚེས་༢༤ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་ཆེད་བཅར་གྱིས་ཉན་ཞིབ་ཚོགས་འདུའི་ཐོག་བོད་དོན་སྙན་སེང་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག་ལ་ ཐེངས་འདིའི་ཉན་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་མཁན་ཨོ་སོ་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཀལ་ཌེན་སྦི་མཆོག་ཡིན་འདུག་ཅིང་ ཁོང་སྔ་ལོ་ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་༧ཚེས་༩ཉིན་ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གི་སྣེ་འཁྲིད་གནང་སྟེ་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཆེད་ཕེབས་གནང་ཡོད་པ་རེད།
ཨ་སོ་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་ཕྱི་སྲིད་ཚན་པའི་འགན་འཁུར་མི་སྣ་གཙོས། གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་མི་གྲངས་༡༠ལྷག་ཙམ་ཐེངས་འདིའི་བོད་དོན་སྐོར་གྱི་ཉན་ཞིབ་ཚོགས་འདུར་ཚོགས་བཅར་ཞུས་འདུག།
གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུ་འདིའི་ཐོག་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧སྤྱི་ནོར་༧གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་མཛད་བྱུས་དང་བོད་རྒྱའི་དབར་གྱི་འབྲེལ་མོལ་གྱི་གནས་བབས་་སྐོར་སྙན་སེང་ཞུས་ཤིང་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤྭ་བསྟན་འཛིན་ཕུན་ཚོགས་ལགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་སེང་ཞུས་ཡོད་པ་རེད།
ཚོགས་འདུར་ཕེབས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་བོད་ནང་གི་ཁོར་ཡུག་དང་ཆུའི་གནད་དོན། ལྷག་པར་དུ་བོད་ཀྱི་འབྲུག་ཆུའི་ས་གནས་སུ་ས་རུད་ཀྱི་གནོད་འཚེ་འབྱུང་རྐྱེན་སྐོར་དང་། བོད་ནང་རྒྱ་མི་ཕོན་ཆེ་གནས་སྤོས་བྱས་པའི་སྐོར་གྱི་གནད་དོན་སོགས་ཀྱི་ཐད་དྭོགས་འདྲི་གནང་ཡོད་ལ་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིའུ་ཞའོ་པོ་ལ་འཚམས་འདྲི་མཛད་པའི་སྐོར་དང་། ཉེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་གྱི་བཅའ་འདྲིར་དང་ལེན་མཛད་པའི་སྐབས་མགོན་པོ་གང་ཉིད་ཟླ་ཤས་ནང་འཛིན་སྐྱོང་གི་ཕྱག་ལས་ཁག་ནས་ཡོངས་སུ་འདྲེས་ཡོལ་དུ་ཕེབས་རྒྱུ་ཡིན་ཞེས་བཀའ་ལན་སྩལ་ཡོད་པའི་གནད་དོན་སོགས་ཀྱི་དྲི་བ་ཁག་ལ་ཨོ་སི་ཊོ་ལི་ཡའུ་སྐུ་ཚབ་དོན་གཅོད་དང་། སྐུ་སྒེར་དྲུང་ཆེ། ཕྱི་དྲིལ་དྲུང་ཆེ་བཅས་ལྷན་རྒྱས་ནས་ལན་འདེབས་གསལ་བཤད་གནང་འདུག།