རྒྱ་ནག་ནང་འཕྲིན་གཏོང་དྲ་རྒྱ་ལྟ་ཀློག་བཀག་འགོག་བྱས་དོན།
2008.08.08
༄༅༎ཨོ་སི་ཀྲོ་ལི་ཡའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་ཚོགས་གཙོས་དེ་རིང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ལ་རྒྱ་ནག་ནང་འཕྲིན་གཏོང་དྲ་རྒྱ་བལྟ་ཀློག་བྱེད་ཐུབ་པའི་ཆ་རྐྱེན་ཡག་པོ་མེད་པའི་སྐྱོན་བརྗོད་བྱས་པ་མ་ཟད། པེ་ཅིང་གི་འགྲུལ་སྐྱེལ་མོ་ཊ་སྦ་སེ་དང་མཁའ་རླུང་སྦག་གཙོག་གི་གནས་སྟངས་དེ་ནི་མུ་མཐུད་དཀའ་ངལ་གྱི་གནད་དོན་ཡིན་པ་གསུང་ཡོད་པ་རེད།
བར་ལམ་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གསར་འགོད་པ་ཚོར་རྒྱལ་སྤྱིའི་འཕྲིན་གཏོང་དྲ་རྒྱ་བལྟ་ཀློག་བྱེད་མི་ཐུབ་པའི་བཀག་འགོག་བྱས་པ་དེར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་དང་རྒྱལ་སྤྱིའི་གསར་འགོད་ལས་རིགས་པ་ཚོས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པའི་རྗེས་གཟའ་འཁོར་འདིའི་འགོ་སྟོད་དུ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་པ་ཚོར་རྒྱལ་སྤྱིའི་འཕྲིན་གཏོང་དྲ་རྒྱ་ཁག་ཅིག་སྒོ་མོ་ཕྱེས་ཡོད་པ་རེད། དེར་བརྟེན་ཨོ་སི་ཀྲོ་ལི་ཡའི་ཨོ་ལིམ་པིག་ཙེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཇོན་ཁོཏ་སི་ཡིས་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་ཚུགས་པར་ཚོུད་འགའ་ཤས་ལས་མེད་པའི་སྐབས་གསར་འགོད་པར། རྒྱ་ནག་གཞུང་གིས་འཕྲིན་གཏོང་དྲ་རྒྱ་ཁག་ཅིག་སྒོ་མོ་ཕྱེས་ཡོད་པ་དེ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་ཡང་ རང་དབང་གི་ཐོག་ནས་འཕྲིན་གཏོང་དྲ་རྒྱ་ཆ་ཚང་བ་བལྟ་ཀློག་བྱེད་ཆོག་པའི་ཆ་རྐྱེན་སྐྲུན་མེད་པ་དེར་སྐྱོན་བརྗོད་གནང་ཡོད་པ་རེད། ཡིན་ནའང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ལྦང་ལྦེ་ཡིས་འཕྲིན་གཏོང་དྲ་རྒྱ་སྒོ་མོ་ཕྱེ་ཡོད་པ་དང་རང་དབང་གི་སྒོ་ནས་རྩེད་འགྲན་གྱི་གནས་ཚུལ་གཏོང་སྤེལ་ཆོག་པ་ཡིན། སྲུང་སྐྱོབ་ཀྱི་གནད་དོན་གྱི་རྐྱེན་པས་འཕྲིན་གཏོང་དྲ་རྒྱ་ཁག་ཅིག་མ་གཏོགས་སྒོ་མོ་ཕྱེས་ཡོད་ཅེས་བཤད་ཡོད་པ་རེད།