རྒྱ་ནག་གི་འགྲོ་བ་མའི་ཐོབ་ཐང་གནད་དོན་ཐོག་ཆིག་བསྒྲིལ་གྱི་ལངས་ཕྱོགས།
དེ་ཡང་རོཡ་ཊརས་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་གཞིགས་ན། ཨོ་སི་ཊེ་ལི་ཡ་དང་ནིའུ་ཛི་ལེན་ཊི་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་མཇལ་མོལ་གྱིས་ཧོང་ཀོང་དང་ཤིན་ཅང་ངམ་ཤར་ཏུར་ཀེ་སེ་ཐཱན་ནང་ཚབས་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་པ་གསལ་བསྟོན་གནང་ནས་ཤར་ཏུར་ཀེ་སི་ཐཱན་ཡུ་གུར་མི་རིགས་ཚོ་དང་གཞན་ཁ་ཆེ་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་དབང་གི་རྟོགས་ཞིབ་ཚོགས་པ་ས་ཁུལ་དེར་བཀག་འགོག་གང་ཡང་མེད་པ་འགྲོ་འཇུག་དགོས་པ་བརྗོད་འདུག
ད་བར་ཏོག་དབྱིགས་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་རྐྱེན་གྱིས་ཡུལ་གཉིས་ཕན་ཚུལ་འགྲུལ་བསྐྱོད་ཐད་ལོ་གཅིག་ལྷག་ཙམ་དམ་བསྒྲགས་བྱས་ཀྱང་ཟླ་བ་སྔོན་མ་ནས་བཟུང་རྒྱལ་ཁབ་ཕན་ཚུལ་འགྲུལ་བསྐྱོད་ཐད་བཀག་བསྡོམས་ལྷོད་དུ་བཏང་ནས་གོང་ཞུས་ཡུལ་གཉིས་ཀྱིས་དབུ་ཁྲིད་རྣམ་པ་མཇལ་ཕྲད་ཐེངས་དང་པོ་དེ་གཟའ་ཟླ་བ་ཉིན་གནང་བ་དང་སྦྲགས། ཡུལ་གཉིས་ཀྱི་ཚོང་ཤག་ཆེ་ཤོས་ཡིན་པའི་རྒྱ་ནག་ལ་གཅིག་སྒྲིལ་གྱིས་གདོང་ལེན་བྱ་རྒྱུ་ཡིན་པ་བརྗོད་འདུག
ཨོ་སི་ཊེལི་ཡ་དང་ནིའུ་ཛི་ལེན་ཊི་གླིང་ཕྲན་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་སྲིད་བློན་རྣམ་པ་མཇལ་ཕྲད་སྐབས་ཡུལ་གཉིས་ཕན་ཚུན་རང་དབང་གི་ཚོང་ལས་གྲོས་མཐུན་ཡོད་པ་དེ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་སྐོར་དང་རྒྱ་ནག་གི་གནད་དོན་སྐོར་བཀའ་མོལ་བྱུང་འདུག དེ་སྔོན་ཆབ་སྲིད་དཔྱད་བརྗོད་པ་ཁག་གཅིག་དང་བརྒྱུད་ལམ་ཐོག་ནིའུ་ཛི་ལེན་ཊི་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་ལངས་ཕྱོགས་མཁྲེགས་པོ་ཞིག་ཕལ་ཆེར་འཛིན་གྱི་མེད་པའི་སྐྱོན་བརྗོད་བྱེད་ནའང་། དེ་ནི་སྲིད་བློན་ལྕམ་Ardernལགས་ཀྱིས་དངོས་བདེན་མ་རེད་ཅེས་ཨོ་སི་ཊེལི་ཡ་དང་ནིའུ་ཛི་ལེན་ཊི་གཞུང་གཉིས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་ལས་ཀྱི་ཐོག་ལངས་ཕྱོགས་གཅིག་མཚུངས་ཡིན་པ་བརྗོད་འདུག
ཡུལ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། ནིའུ་ཛི་ལེན་ཊི་སྲིད་བློན་མཆོག་གིས་ང་ཚོས་རྒྱ་ནག་གི་གནད་དོན་གལ་ཆེན་པོ་དེ་དག་གི་ཐོག་ལ་ལངས་ཕྱོགས་བརྟན་པོ་མེད་པ་ཟེར་བ་དེ་བདེན་པ་མིན་པ་དང་ཨོ་སི་ཊེལི་ཡ་དང་ནིའུ་ཛི་ལེན་ཊི་ཡུལ་གཉིས་ཀྱིས་གནད་དོན་དེ་དག་གི་ཐོག་ལངས་ཕྱོགས་གཅིག་པ་ཡིན་པ་བརྗོད་འདུག
དེ་བཞིན་ཨོ་སི་ཊེལི་ཡ་སྲིད་བློན་མཆོག་གིས་ཀྱང་། ཡུལ་གཉིས་ཚོང་ལས་བྱེད་མཁན་གྱི་རྒྱལ་ཁབ་ཡིན་ཡང་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དེ་དུས་ནམ་ཡང་ཕྱིར་ཚོང་བྱེད་ཀྱི་མ་རེད་ཅེས་བརྗོད་འདུག ཡང་ཁོང་གིས་རྒྱ་ནག་ཞེས་མིང་དངོས་སུ་སྨོས་མེད་ན་ཡང་ང་ཚོའི་ཡུལ་གཉིས་ཁ་བྲལ་དུ་གཏོང་ཐབས་བྱེད་མཁན་ཚོས་ལས་དོན་འགྲུབ་མི་སྲིད་པ་དང་ཨོ་སི་ཊེལི་ཡ་དང་ནིའུ་ཛི་ལེན་ཊི་གཉིས་གྲོགས་པོ་དང་ཚོང་རོགས་ཡིན་པ་མ་ཟད། ཁྱིམ་ཚང་གཅིག་ལྟར་བྱས་ནས་གནས་ཀྱི་རེད་ཅེས་རྒྱ་ནག་ལ་གོ་བརྡ་སྤྲད་འདུག
ཉིན་ཤས་སྔོན་ཨོ་སི་ཊེལི་ཡ་སྲིད་བློན་ཟུར་པ་ Keven Rudd མཆོག་གིས་བྷི་བྷི་སི་གསར་ལས་ཁང་ལ་བཅའ་འདྲི་སྐབས་སུ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་དང་ལྷན་དུ་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་རྣམས་སེལ་ཐབས་གནང་ཡང་གྲུབ་འབྲས་གང་ཡང་ཐོན་གྱི་མེད་སྟབས། ད་ཆ་རྒྱལ་ཁབ་ཚང་མས་རྡོག་རྩ་གཅིག་བསྒྲིལ་ངང་རྒྱ་ནག་ལ་ཁ་གཏད་གདོང་ལེན་ནུས་པ་ལྡན་པ་ཞིག་བྱ་དགོས་པ་རེད་ཅེས་གསུངས་ཡོད། དེ་ཡང་ཁོང་གིས་རྒྱ་ནག་གིས་བཙན་དབང་གིས་རྒྱལ་ཁབ་ཁག་ཅིག་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཐོག་ནས་ཁེར་རྐྱང་བཞག་ནས་ཉེས་ཆད་གཏོང་ཐབས་བྱེད་བཞིན་པ་དེར་རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱིས་ཁ་གཏད་ལྕོག་དགོས་པ་དང་། ལྷག་པར་དུ་ནུབ་ཕྱོགས་ཡུལ་གྲུ་རྣམས་ཀྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ལ་ཁ་གཏད་གནང་རྒྱུར་ཞེད་སྣང་བྱ་དགོས་དོན་ཡོད་པ་མ་རེད་ཅེས་གསུངས་འདུག
ཡང་ཁོང་གིས་ཨེ་ཤེ་ཡའི་ཚོང་དོན་ལས་རིམ་ནང་། གལ་སྲིད་རྒྱལ་ཁབ་ཅིག་གིས་རྒྱ་ནག་ལ་མོས་མཐུན་མེད་པའི་གནས་ཚུལ་བྱུང་ཚེ།རང་ཉིད་གཅིག་པུས་རྒྱ་ནག་ལ་ཁ་གཏད་གདོང་ལེན་བྱེད་པ་ལས་རྒྱལ་ཁབ་གཞན་དང་མཉམ་སྦྲེལ་གྱི་ཐོག་ནས་ཁ་གཏད་བྱ་རྒྱུ་དེ་ནི་ཧ་ཅང་ནུས་པ་ཆེ་བ་ཡོད་པ་རེད་ཅེས་གསུངས་འདུག
སྔ་ལོ་ཨོ་སི་ཊེལི་ཡ་གཞུང་གིས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཐོག་མ་འབྱུང་རྩ་རང་དབང་གིས་རྩད་གཅོད་དགོས་རྒྱུའི་ཐོག་རྒྱབ་སྐྱོར་བྱེད་པར་བརྟེན་རྒྱ་ནག་དང་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་རེད།
ཉེ་བའི་ཆར་རྒྱ་ནག་གིས་ཨོ་སི་ཊེལི་ཡ་ནས་རྒུན་ཆང་དང་། གླང་ཤ། དེ་བཞིན་ཟ་འབྲུ་བཅས་ནང་འདྲེན་བཀག་བསྡོམས་བྱེད་པར་བརྟེན་འཛམ་གླིང་ཚོང་ལས་སྒྲིག་འཛུགས་ཀྱིས་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ནས་དཀའ་རྙོག་དེ་སེལ་ཐབས་བྱེད་ཀྱི་ཡོད་པ་རེད།
ཨོ་སི་ཊེལི་ཡའི་སྲིད་བློན་Morrison་ད་ལེན་ཡུལ་དེར་རྒྱལ་དོན་འཚམས་གཟིགས་མ་ཕེབས་ཀྱི་གོང་དུ་ནིའུ་ཛི་ལེན་ཊི་གཞུང་གིས་རྒྱ་ནག་དང་རྩོད་རྙོག་ཐད་ཨོ་སི་ཊེལི་ཡ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བརྗོད་ཡོད། །