བོད་ཀྱི་གནས་སྟངས་སྐོར་གླེང་སློང་གནང་བར་བསྔགས་བརྗོད།
2012.03.29
༄༅༎ཉེ་སྔོན་ཨོ་སི་ཀྲོ་ལི་ཡའི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་སྦོབ་ཁའར་མཆོག་གིས་ཨོ་སི་ཀྲོ་ལི་ཡ་ཕྱི་འབྲེལ་གྱི་སྲིད་ཇུས་ནང་འགྲོ་བ་མིའི་ཐོབ་ཐང་གི་དོན་གནད་གལ་ཆེར་ངོས་འཛིན་གནང་རྒྱུ་དང་འབྲེལ་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གནད་དོན་གླེང་སློང་གནང་པ་དེར་རྡ་ཨོ་སི་ཀྲོ་ལི་ཡེན་(The Australian)ཞེས་པའི་ཡུལ་དེའི་གསར་ཤོག་གིས་བསྔགས་བརྗོད་ཞུས་འདུག་༎
དེ་ཡང་ཁ་ས་ཚེས་༢༩ཉིན་གོང་གསལ་གསར་ཤོག་གི་ཕྱི་འབྲེལ་གནས་ཚུལ་རྩོམ་བྲིས་པ་སྐུ་ཞབས་གེརེག་ཤེ་རི་ཌེན་གྱིས་ གསར་ཤོག་དེའི་ཐོག་ ཉེ་དུས་ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གི་འབྲེལ་བའི་གནས་བབ་ལ་དབྱད་ཞིབ་ཀྱི་རྩོམ་བྲིས་སྤེལ་བའི་ནང་ ཕྱི་འབྲེལ་བློན་ཆེན་སྦོབ་ཁའར་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བཞེངས་ཕྱོགས་གསལ་འདོན་གནང་པར་དགའ་བསུ་དང་བསྔགས་བརྗོད་ཞུས་འདུག་ དེ་ཡང་ གསར་འགོད་པའི་རྩོམ་བྲིས་དེའི་ནང་ སྐབས་རེ་ཨོ་སི་ཀྲོ་ལི་ཡ་སྲིད་དོན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བཞིན་གལ་གནད་ཆེན་པོ་མིན་པ་དང་ ཡང་ན་གཡོལ་ཐབས་བྱ་རྒྱུའི་གནད་དོན་ཞིག་ལ་མཐོང་ཚུལ་འཛིན་པའི་སྐབས་ ཕྱི་འབྲེལ་བློན་ཆེན་སྦོབ་ཁའར་ མཆོག་གིས་ཕྱི་འབྲེལ་གྱི་ལས་ཁུར་བཞེས་པའི་རྗེས་གྲོས་ཚོགས་གོང་མའི་ནང་གསུང་བཤད་ཐོག་མ་དེའི་ཐོག་ འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ་དེ་ ཨོས་ཀྲོ་རི་ལི་ཡའི་ཕྱི་སྲིད་ཀྱི་རྩ་འཛིན་བཞེངས་ཕྱོགས་ཞིག་དང་ ལས་དོན་གྱི་ཆ་ཤས་གལ་ཆེར་ངོས་འཛིན་གནང་རྒྱུ་སྐོར་གསུངས་པ་དེ་ བློ་སྟོབས་ཆེན་པོ་དང་བསྔགས་བརྗོད་ཞུ་འོས་པའི་བཀའ་མོལ་གལ་ཆེ་ཞིག་ཡིན་པར་དགའ་བསུ་ཞུས་འདུག་ ཨོས་ཀྲེ་རི་ལི་ཡའི་གྲོས་ཚོགས་གོང་མའི་ནང་ ཕྱི་འབྲེལ་བློན་ཆེན་སྦོབ་ཁའར་མཆོག་ལ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་གི་རིན་ནས་བོད་ནང་བོད་མིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནད་དོན་དང་ རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་དམ་བསྒྲགས་ཚབས་ཆེ་བྱེད་པའི་གནས་སྟངས་སྐོར་འདྲི་རྩད་གནང་སྐབས་ ཕྱི་འབྲེལ་བློན་ཆེན་མཆོག་གིས་བོད་ནང་གི་གནས་སྟངས་གསལ་རྟོགས་སླད་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཨོས་ཀྲེ་རི་ལི་ཡའི་གཞུང་ཚབ་ཆེན་མོ་བ་ བོད་ནང་གཟིགས་སྐོར་རྟོགས་ཞིབ་ཕེབས་རྒྱུར་བཀའ་བསྔགས་གནང་ཡོད་ལུགས་གསུང་པ་མ་ཟད་ཕྱི་འབྲེལ་བློན་ཆེན་སྐུ་ཉིད་ནས་ བོད་ཀྱི་དབུ་འཁྲིད་གོང་ས་ཏ་ལའི་བླ་མ་མཆོག་དང་དུས་ཚོད་ནམ་ཡིན་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་འཚོལ་རྒྱུ་ཡིན་ལུགས་སོགས་གསུངས་སྟེ་དེར་རྒྱ་ནག་གཞུང་ནས་ཁོང་ཁྲོ་ཆེན་པོ་བྱས་ཡོད་པ་རེད་༎