འབར་མའི་ལྕམ་ཨང་སན་སུའུ་ཀི་དང་བུ་མཇལ་འཛོམས།
2010.11.23
༄༅༎འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ཨང་སན་སུའུ་ཀི་དང་ཁོང་གི་སྲས་ཆུང་བ་རྣམ་གཉིས་མཇལ་འཛོམས་ཐུབ་པ་བྱུང་ཡོད་འདུག དེ་ཡང་ཕེ་རན་སེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་བཟང་བཙོན་ལས་གློད་འགྲོལ་ཐོབ་པའི་འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ཨང་སན་སུའུ་ཀི་ལ་སྲས་གཉིས་ཡོད་པའི་ཁོངས་ནས་སྲས་ཆུང་བ་ཀིམ་ཨེ་རི་སི་ལ་འབར་མའི་དྲག་པོའི་གཞུང་གིས་ཉིན་ཤས་གོང་ཡུལ་དེའི་ནང་བསྐྱོད་འཐུས་ཆོག་པའི་ཐོངས་མཆན་སྤྲད་པར་བརྟེན། ཁོང་འདི་ཚེས་༢༢ཉིན་འབར་མའི་ནང་འབྱོར་བའི་སྐབས། གྲོང་ཁྱེར་ཡང་ཨོན་གྱི་གནམ་ཐང་དུ་ཁོང་གི་ཨ་མ་ལགས་དང༌། འབར་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ཁག་ཅིག་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག་པ་དང༌། ད་ལམ་མ་བུ་གཉིས་དུས་ཡུན་རིང་པོའི་རྗེས་ཐུག་འཕྲད་ཐོག་མར་བྱུང་མ་ཐག། ལྕམ་ཨང་སན་སུའུ་ཀི་ཡིས་གནམ་ཐང་དུ་འབྱོར་བའི་གསར་འགོད་པ་ཚོར་བཀའ་མོལ་ཐུང་ངུ་ཞིག་གནང་བའི་ནང༌། ཁོང་དང་སྲས་ཆུང་བ་ངོ་མཇལ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུང་བའི་རྗེས། མ་བུ་གཉིས་ལྕམ་ཨང་སན་སུའུ་ཀི་ཡིས་བཞུགས་གནས་ཕྱོགས་སུ་ཐོན་བསྐྱོད་གནང་ཡོད་འདུག ཡང་སྐབས་དེར་འབར་མའི་ཕྱོགས་འགལ་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མི་སྣ་ཞིག་གིས། ལྕམ་ཨང་སན་སུའུ་ཀི་ཡིས་སྲས་ཆུང་བ་ཀིམ་ཨེ་རི་སི་འབར་མའི་ནང་བདུན་ཕྲག་གཉིས་ཙམ་བཞུགས་རྩིས་གནང་གི་ཡོད་པ་དང༌། འདི་ཚེས་༢༤ཉིན་མ་བུ་གཉིས་གྲོང་ཁྱེར་ཡང་ཨོན་ནང་ཡོད་པའི་ནང་པའི་མཆོད་བརྟེན་ཤེ་ལྦེ་རྡ་གོན་མཆོད་མཇལ་ཁ་ཞུ་བར་བསྐྱོད་རྒྱུའི་འཆར་གཞི་ཡོད་པའི་འགྲེལ་བརྗོད་བྱས་འདུག