གནམ་སྡེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་ནང་མི་གྲངས་ཆིག་ཁྲི་ཙམ་དམར་བསད་བཏང་བ།
2017.12.23
༄༅། །ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་དྲུག་པའི་གནམ་སྡེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་རྩུབ་ཤུགས་ཆེ་བྱས་པའི་སྐབས་མི་གྲངས་ཆིག་ཁྲི་ཙམ་དམར་བསད་བཏང་ཡོད་པ་སྐབས་དེ་དུས་རྒྱ་ནག་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་གིས་དབྱིན་ཇིའི་གཞུང་ལ་ཕུལ་བའི་ཏར་འཕྲིན་ནང་གསལ་ཡོད་འདུག
དབྱིན་ཇིའི་གཞུང་གིས་ཏར་འཕྲིན་གྱི་ཡིག་ཆ་དེ་དག་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་དེ་བྱུང་སྟེ་ལོ་ངོ་ཉི་ཤུ་རྩ་བརྒྱད་རྗེས་གཞི་ནས་མང་ཚོགས་ལ་ཕྱིར་བཏོན་བྱས་པ་ཞིག་ཡིན་ཞིང་། ཡིག་ཆ་དེའི་ནང་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཀྱི་ཁྲག་དྲི་དྲོ་བའི་དྲག་རྩུབ་ལས་འགུལ་གྱི་གནས་ཚུལ་ཞིབ་ཕྲ་འཁོད་ཡོད་པ་དེ་རིང་ཕྱི་ཚེས་ ༢༣ ཉིན་ཕྷརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
སྐབས་དེ་དུས་ཀྱི་རྒྱ་ནག་གི་དབྱིན་ཇིའི་གཞུང་ཚབ་པ་སྐུ་ཞབས་ Alan Donald གྱིས་དབྱིན་ཇིའི་གཞུང་ལ་ཕུལ་བའི་ཏར་འཕྲིན་དེའི་ནང་། ཉུང་མཐར་ཞི་བའི་མི་སེར་ཆིག་ཁྲི་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་འཁོད་ཡོད་འདུག་ལ། ཁོང་གིས་ཏར་འཕྲིན་དེའི་ནང་ ༡༩༨༩ འི་ཕྱི་ཟླ་ ༦ ཚེས་ ༣ དང་ ༤ བཅས་པར་གཟའ་འཁོར་བདུན་ཙམ་རིང་སྤེལ་བའི་མང་གཙོའི་ལས་འགུལ་ཞོལ་འཇགས་གཏོང་ཆེད་མཐར་རྒྱ་ནག་གི་འགོ་ཁྲིད་ཚོས་དམག་མི་བཏང་སྟེ་ངོ་རྒོལ་བ་ཚོའི་ཐོག་གང་བྱུང་མེ་མདའ་བརྒྱབ་པ་སོགས་ཞིབ་ཕྲའི་གནས་ཚུལ་བཀོད་ཡོད་འདུག
སྐུ་ཞབས་ Alan Donald གྱིས་ཁོང་ལ་གནས་ཚུལ་མཁོ་སྤྲོད་བྱ་མཁན་ནི་ཁོང་གི་གྲོགས་པོ་དེང་སྐབས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་ཡིན་པ་ཞིག་ཡིན་པ་གསུངས་འདུག
རྒྱ་ནག་གཞུང་གིས་ལོ་ངོ་གསུམ་བཅུ་ཙམ་སོང་ཟིན་པའི་གནས་ཚུལ་དེའི་སྐོར་མང་ཚོགས་ནང་བགྲོ་གླེང་སོགས་བྱེད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
དབྱིན་ཇིའི་གཞུང་གི་ཏར་འཕྲིན་ནང་གི་གནས་ཚུལ་དེར་གནམ་སྡེ་སྒོ་མོ་ཆེའི་གནད་དོན་ཐད་ཞིབ་འཇུག་གནང་མཁན་དང་ནུབ་ཕྱོགས་ནང་ཡོད་པའི་རྒྱ་ནག་གི་མཁས་པ་མང་པོས་ཡིད་ཆེས་ཐུབ་ངེས་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།