ཉི་འོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་མཐོ་སློབ་ཁག་ཏུ་བོད་དོན་གསུང་བཤད་གནང་ཡོད་པ།
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ པའི་ཚེས་ ༡༨ ནས་ ༢༥ བར་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་མཐུན་སྒྲིལ་དང་ཀོ་རི་ཡ་འཛམ་གླིང་ངོས་ནས་ཉི་འོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལྷོ་ཀོ་རི་ཡར་འཚོག་བཞིན་པའི་རྒྱལ་སྤྱིའི་ཚོགས་འདུར་གདན་ཞུ་གནང་ཡོད་པ་ལྟར། ཉི་འོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ལྷོ་ཀོ་རི་ཡའི་ནང་རྟེན་གཞི་བྱས་པའི་མཐོ་སློབ་ Seoul National University truth forum ཞེས་པའི་ཐོག བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་གཙོས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གསུང་བཤད་གནང་ཡོད་ཅིང་། ཕྱི་ཚེས་ ༢༡ ཉིན་རྒྱལ་སྤྱིའི་ཚོགས་འདུ་དེའི་ཐོག་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཐོག་གླེང་མོལ་དང་། རྒྱ་ནག་གཞུང་གིས་མ་འོངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་མི་ཆོག་པ་སོགས་གནད་དོན་ཁག་གཅིག་གསལ་སྟོན་གནང་ཡོད་ཅིང་། དེ་ལྟ་བུ་ལྷོ་ཀོ་རི་ཡའི་ནང་བོད་དོན་གླེང་བ་ནི་ཐེངས་དང་པོ་ཆགས་ཀྱི་ཡོད་པས་གནད་འགག་ཅན་ཞིག་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བོད་དང་ཡུ་གུར། ནང་སོག་དང་ཀོ་རི་ཡ་དེ་ཞིན་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སོགས་མི་ཉུང་བ་ཞིག་ནས་མཉམ་ཞུགས་ཀྱིས། གནད་དོན་འདྲ་མིན་སྐོར་གླེང་མོལ་གནང་ཡོད་པ་རེད་ཅེས། ལྷོ་ཀོ་རི་ཡར་འཚོག་བཞིན་པའི་རྒྱལ་སྤྱིའི་ཚོགས་འདུའི་སྐོར་ལྷོ་ཀོ་རི་ཡར་བོད་རིགས་ཚོགས་པས་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཐེངས་འདིའི་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལྷོ་ཀོ་རི་ཡར་ཕེབས་པ་དང་འབྲེལ། ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་། དམིགས་བསལ་ལྷོ་ཀོ་རི་ཡའི་སྲིད་བློན་ཟུར་པ་ Hwang Kyoahn ལགས་དང་ལྷན་དུ་མཇལ་འཕྲད་གནང་རྒྱུ་སོགས་གི་ལས་རིམ་སྣ་མང་ཞིག་ཡོད་ཅེས། ཉི་འོང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། མ་ཟད་བཀྲ་ཤིས་དབྱངས་འཛོམས་ལགས་ཀྱིས་གསུངས་ན། ཟླ་བ་འདིའི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་ཚོགས་འདུ་གྲུབ་རྗེས་སུ། ཉི་འོང་དོན་གཅོད་ཚེ་དབང་རྒྱལ་པོ་ལགས་ནས་ལྷོ་ཀོ་རི་ཡར་གནས་བཞུགས་བོད་མི་རྣམས་དང་། དོན་ཁང་དང་འབྲེལ་ཡོད་དགོན་སྡེ་ཁག་གི་མཁན་པོ་རྣམས་ཐུག་འཕྲད་ཀྱིས་བཀའ་མོལ་གནང་འཆར་ཡོད་པ་གསུངས་བྱུང་།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།