རྒྱ་ནག་གཞུང་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་ཁག་ཅིག་གི་མིང་བརྗེ་བྱས་བར་བོད་མི་ཚོས་ངོ་རྒོལ་བྱས་འདུག

དེ་ཡང་(The Print)་ཞེས་པའི་རྒྱ་གར་གྱི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། འདས་པའི་རེས་གཟའ་ཉི་མ་ཚེས་༡༡ཉིན་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་(Arunachal)་གྱི་ཁུལ་དེར་(藏南)་ཞེས་བོད་ལྷོ་ཕྱོགས་ཅེས་བོས་ནས་ཁུལ་དེའི་ནང་གི་མཐའ་མཚམས་ས་གནས་ཁག་༡༡ལ་མིང་གསར་པ་བཏགས་ཡོད་པ་དང་། དེར་རྒྱ་གར་གཞུང་གི་ངོས་ནས་ངོས་ལེན་མེད་པའི་ངོ་རྒོལ་གནང་བ་མ་ཟད། མངའ་སྡེ་དེ་བཞིན་ནམ་ཡང་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་དེ་ལྟར་རང་འཇགས་གནས་རྒྱུ་ཡིན་སྐོར་གསུངས་འདུག
དེ་བཞིན་ཨ་རུ་ན་ཅལ་མངའ་སྡེ་ནང་གི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས་གཉིས་ཀྱི་ཚོགས་མི་གཙོས་ས་གནས་ཀྱི་བཙན་བྱོལ་བོད་མི་༣༥༠བརྒལ་བས་ལག་ཏུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱ་གར་གྱི་རྒྱལ་དར་འཕྱར་ནས་འདི་ཚེས་༡༢གཟའ་ལྷག་པའི་ཉིན། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་མེའོ་གྲོང་ཁྱེར་ནང་བར་གོམ་བགྲོད་སྐད་འབོད་དང་མཉམ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། རྒྱ་གར་ལ་རྒྱབ་སྐྱོར་ཡོད་པའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག ད་དུང་བོད་མི་ལས་འགུལ་བ་རྣམས་ཀྱི་ལག་ལ་ཨ་རུ་ཅལ་མངའ་སྡེ་དེ་བཞིན་ནམ་ཡང་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་གནས་ཀྱི་རེད། ང་ཚོས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨ་རུ་ན་ཅལ་ནི་རྒྱ་ནག་གི་ཆ་ཤས་མ་རེད། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རང་གི་མངའ་ཁོངས་སུ་འཇུག་ཐབས་ངན་བྱུས་གཤམ་པ་དེ་དུས་ནམ་ཡང་འགྲུབ་མི་ཐུབ་ཅེས་སོགས་འཁོད་པའི་ཤོག་བྱང་དང་འཕྲེད་དར་འཕྱར་ནས་ངོ་རྒོལ་བྱས་འདུག
མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་རྟ་མགྲིན་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་རི་དང་རྒྱུག་ཆུ་ཐེ་བའི་ས་གནས་ཁག་༡༡གི་མིང་བརྗེ་པོ་རྒྱག་ཐབས་བྱས་པ་དེར་ངོ་རྒོལ་ཡོད་པ་(The Print)་གསར་ཁང་ལ་བཤད་འདུག
རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁག་ཁག་༡༡ལ་མིང་གསར་པ་བཏགས་པའི་བདུན་ཕྲག་གཅིག་གི་རྗེས་སུ། རྒྱ་གར་གྱི་ནང་སྲིད་བློན་ཆེན་(Amit Shah)་ལགས་ཨ་རུ་ན་ཅལ་མངའ་སྡེའི་(Kibithoo)་གྲོང་གསེབ་ནང་འཚམས་གཟིགས་ལ་ཕེབས་ནས། གྲོང་གསེབ་དེ་ནི་རྒྱ་གར་གྱི་ས་ཆ་འགོ་ཚུགས་ས་དེ་ཡིན་ལུགས་འགྲེལ་བརྗོད་གནང་བ་མ་ཟད། གྲོང་གསེབ་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་(Vibrant Village Programme)་ཞེས་པའི་ལས་གཞི་ཡང་རེས་གཟའ་ཟླ་བའི་ཉིན་དབུ་འབྱེད་གནང་ཡོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།